༄༅།།སྐུ་མདོག་གཟི་བྱིན་འབར་བའི་གཟུཊ་སྐུའི་རྒྱུད།།

གསུང་དབྱངས་སྙན་འཇེབས་ཏམ་བུ་ར་ཡིས་རྒྱན།།

ཐུགས་རྒྱུད་གཏིང་ཟབ་མཐའ་ཡས་རྒྱ་མཚོའི་དཀྱིལ།།

ཕུན་ཚོགས་ཡོན་ཏན་མི་ཟད་ཆེས་ཆེར་རྒྱས།།


མཁྱེན་པའི་ཡེ་ཤེས་ཀུན་གསལ་ལྷ་ལམ་ངོས།།

བྱམས་པའི་གཟི་འོད་ཆེན་པོའི་འོད་མདངས་འཚེར།།

བརྩེ་བའི་ཐུཊ་རྗེའི་ལོ་འདབ་ཡོངས་རྒྱས་ནས།།

ལུས་ཅན་སྐལ་བཟང་མཐའ་དག་སྨིན་གྲོལ་མཛད།།


མདོ་སྔགས་གཞུང་ལུཊ་མཚོ་ཆེན་ཡངས་པོ་རུ།།

ཐོས་བསམ་སྒོམ་པའི་བརྩོན་འགྲུས་རྒྱུན་རྟག་བརྟན།།

སྦྱངས་སྟོབས་བློ་གྲོས་ཡར་ངོ་ཟླ་བཞིན་འཕེལ།།

བག་མེད་རྣམ་གཡེང་སྟུག་པོ་རིམ་བཞིན་འགྲིབ།།


རྣམ་དཔྱོད་ཤེས་རབ་གསེར་གྱི་སྤུ་གྲི་རྣོ།།

ལེཊ་ཉེས་བླང་དོར་འབྱེད་མཁས་བཤེས་གཉེན་མཆོག།།

ཕས་རྒོལ་སྨྲ་ངན་ཚོཊ་དག་བསྐོར་བའི་དབུས།།

མི་འགྱུར་དམ་ཚིག་རྡོ་རྗེ་བྲག་ལྟར་བརྟན།།


ཚུལ་ཁྲིམས་གསེར་གྱི་ས་གཞི་གཙང་མ་རུ།།

བློ་གྲོས་འདབ་སྟོང་བཞད་པའི་བར་གསེང་ནས།།

ལེགས་བཤད་དྲི་བཟང་ཕྱོགས་དུས་ཀུན་འཐུལ་བས།།

སྐལ་ལྡན་གདུལ་བྱའི་ཚོགས་རྣམས་ངང་གིས་འཁོར།།


སྨྲ་བའི་ལྗགས་རྩེ་གློག་འཁྱུག་དམར་པོ་ལས།།

དྲི་མེད་ལེགས་བཤད་དབྱར་སྐྱེས་རྔ་གསང་སྒྲོག།།

ལས་ཅན་འགྲོ་བའི་སེམས་ཀྱི་ཞིང་ས་རུ།།

ཕན་བདེའི་སྦྲང་ཆར་སིམ་སིམ་རྟག་ཏུ་འབབ།།


རྣམ་དག་བསླབ་གསུམ་གཙང་བའི་ས་གཞི་རུ།།

གཞན་ཕན་བྱམས་དང་སྙིང་རྗེའི་ས་བོན་བསྐྲུན།།

ངེས་འབྱུང་སྨྱུ་གུའི་ལང་ཚོ་རབ་རྒྱས་ཏེ།།

ཆོས་བརྒྱད་སྲིད་འདི་མཆིལ་མ་ཐལ་བཞིན་དོར།།


འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་ཡོངས་སུ།།

འཆད་རྩོད་རྩོམ་པའི་བ་དན་ལྷབ་ལྷུབ་བསྒྲེངས།།

ལེཊ་བཤད་གསུང་གི་བདུད་རྩིའི་ཆར་རྒྱུན་གྱིས།།

འགྲོ་བའི་ཡིད་ཀྱི་སེམས་ཁམས་རྟག་ཏུ་བརླན།།


བཅུ་ཕྲག་རིག་པའི་གནས་ཀུན་མཁས་པ་མཁྱེན།།

ཇི་སྙེད་ཤེས་བྱའི་གནད་ལ་མ་རྨོངས་པའི།།

དེ་སྙེད་བློ་གྲོས་བཟང་པོའི་ཡལ་འདབ་རྒྱས།།

ནུབ་ཕྱོགས་ཞིང་དེར་མཁས་པའི་གཙུག་རྒྱན་གྱུར།།


ཐུབ་བསྟན་མི་ཉམས་འཕེལ་བའི་སྐྱེད་ཚལ་ན།།

བསླབ་གསུམ་ནོར་གྱིས་ཕྱུག་པའི་ལོ་ཏོག་བསྐྲུན།།

བློ་བཟང་རྒྱལ་བའི་ལྟ་སྤྱོད་གཙང་མའི་སྲོལ།།

མི་ནུབ་རྒྱལ་མཚན་འཛིན་མཁས་ཁྱེད་མིན་སུ།།


དུག་གསུམ་ནད་ཀྱིས་མནར་བའི་གདུལ་བྱ་ཚོར།།

ཕན་པའི་སྨན་གཅིག་རྒྱལ་བའི་བསྟན་པ་མཆོག།།

མི་ཉམས་རྒྱུན་དུ་འཛིན་པའི་ཁུར་བླངས་ཏེ།།

ས་ཆེན་ཡོངས་རྫོགས་སྤེལ་བ་འདི་ཀོ་རྨད།།


གཉེན་དང་ཉེ་བའི་འཁོར་རྣམས་རྒྱང་དུ་བཀྱེད།།

ཆོས་བརྒྱད་བདུད་ཀྱི་ཞགས་པས་འཆིང་མ་ནུས།།

ཚེ་འདིའི་བྱ་བཞག་མཐའ་དག་གཏན་བྲལ་ནས།།

མི་ཚེ་ཆོས་ལ་ཤོར་བའི་རྣལ་འབྱོར་བ།།


འགྲོ་དྲུག་རིགས་ཀུན་མ་ཡི་བུ་བཞིན་གཟིཊ།།

ཆཊ་སྡང་ཉེ་རིང་མཆིལ་དང་ཐལ་བཞིན་དོར།།

མཐུན་པའི་མཛའ་བརྩེ་དམ་པ་ཆག་མེད་བླངས།།

སྲིད་གསུམ་ཞི་བདེའི་དེད་དཔོན་ཁྱེད་ལས་སུ།།


སྦྱངས་པའི་ཡོན་ཏན་དབྱར་གྱི་ཆུ་བོའི་རྒྱུན།།

མི་ཉམས་གོང་དུ་ཉ་གང་ཟླ་བཞིན་རྒྱས།།

རྨོངས་པའི་སྒྲིབ་གཉིས་གདོད་ནས་ཡོངས་སྤངས་ཏེ།།

རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་རྙེད།།


འོན་ཀྱང་ཞི་བ་གཤེགས་པའི་ཚུལ་བསྟན་སྟེ།།

སྲིད་འདིར་བྲལ་ཏེ་ཞིང་གཞན་གཤེགས་ན་ཡང་།།

མགོན་མེད་བདག་མཉམ་བརྩེ་བའི་ཐུགས་བསྐྱངས་སྟེ།།

སླར་ཡང་སྲིད་འདིར་མྱུར་དུ་བྱོན་པར་གསོལ།།

    ཐུབ་པའི་བསྟན་པ་འདི་ཉིད་ས་སྟེང་འདི་རུ་མི་ནུབ་རྒྱལ་མཚན་འཛིན་མཁན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་བསྐལ་བཟང་རྒྱ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་ཐོས་ཚེ་གདུང་ཤུགས་དྲག་པོའི་ངང་ཐོལ་བྱུང་དུ་འབྲི་ཁུལ་བྱེད། ༢༠༢༢  ༩  ༢༡  ཉིན།

Popular Posts