རྗེ་ལམ་རིམ་པ་རྗེ་བཙུན་ཐུབ་བསྟན་འཕྲིན་ལས་མཆོག་གི་དགོངས་རྫོགས་བསུ།

 སྙིང་དབུས་མི་ཤིགས་ཐིག་ལེའི་གུར་ཁང་ནང་།།

བཞུགས་པའི་དྲིན་ཅན་བླ་མ་ལམ་རིམ་རྗེའི།།

བྱིན་རླབས་ཤིས་པའི་མེ་ཏོག་དྲི་བསུང་དག།

ཕྱོགས་བཅུ་ཞིང་ཀུན་ཡང་ཡང་འཐུལ་བ་གསོལ།།


ཡོ༵ངས་རྫོགས་བསྟན་པའི་ཁུར་ཆེན་ལྗིད་པོ་དེ།།

གྱི༵་ན་བ་ཞིག་འགན་ཁྲིད་ཡོངས་བཞེས་ཏེ།།

དགེ༵་བ༵འི་ལས་དག་གཙུག་ཏུ་བཀུར་བཀུར་ནས།།

བཤེ༵ས་གཉེ༵ན་དམ་པའི་གདམས་ངག་སྲོག་ལྟར་སྲུང་།།


རྗེ༵་ཡི་ལྟ་སྤྱོད་གཙང་མའི་ལམ་སྲོལ་དེ།།

བཙུ༵ན་པ་རྣལ་མ་ཞིག་གིས་ཆེར་སྤེལ་ཏེ།།

ཐུ༵བ་པའི་གསུང་རབ་གདམས་ངག་ཡོངས་ཤར་ནས།།

བསྟ༵ན་པའི་རྒྱལ་མཚན་མི་ནུབ་ལྷག་ཏུ་འཛིན།།


འཕྲི༵ན་ལས་འོད་ཀྱིས་ཁྱབ་པའི་ས་གཞི་རུ།།

ལ༵ས་ཀྱི་མེ་ཏོག་ཕོག་པའི་དྲིན་ཅན་རྗེར།།

མཆོ༵ག་གསུམ་རྒྱལ་བའི་ནུས་མཐུས་ཆེས་ཟིན་པས།།

དགོ༵ངས་དོན་ལྷུན་གྱིས་འགྲུབ་པར་སྙིང་ནས་འདུད།།


རྫོ༵གས་བྱང་བླ་ན་མཐོ་བའི་གོ་འཕང་དེ།།

བསུ༵་ཕྱིར་ལོ་ངོ་བཅུ་ཕྲག་ལྷག་ཙམ་ཞིག།

འཛེམ་མེད་དཀའ་བ་བརྒྱ་ཕྲག་དང་བླངས་ཏེ།།

གཅིག་པུ་རི་ཁྲོད་འགྲིམ་ལ་སྙིང་ནས་འདུད།།


མེས་པོའི་གཟི་བརྗིད་བསྐྲུན་པའི་ཁ་སང་དང་།།

བུ་ཚའི་ཆགས་སྡང་བཤིག་པའི་དེ་རིང་འདིར།།

རྩ་ཆེན་མན་ངག་གསེར་གྱི་འཕྲེང་ཐག་རུ།།

མི་ལྷོད་དམ་དུ་འཆང་བར་སྙིང་ནས་དྲན།།


མི་སེམས་གདོན་གྱིས་བསླུ་བའི་དུས་ངན་འདིར།།

དངུལ་དང་གོ་སས་བསྒྱུར་བའི་སྤྱི་ཚོགས་ཁྲོད།།

མགོན་མེད་ལུས་པའི་དྭ་ཕྲུག་བདག་མཉམ་ཚོར།།

བརྩེ་བའི་ཐུགས་རྗེས་བསྐྱངས་པ་སྙིང་ནས་དྲན།།


བླ་སློབ་འགལ་འདུ་སོང་བའི་དུས་ངན་དེར།།

མན་ངག་བསྐོང་པས་གདུང་བའི་གདུལ་བྱ་ཚོར།།

འཛད་མེད་ཆོས་ཀྱི་སྦྲང་ཆར་སིལ་མ་དེ།།

ཆག་མེད་ཡང་ཡང་མནོས་པ་སྙིང་ནས་དྲན།།


ཐུ༵བ་པའི་བསྟ༵ན་པ་ལ་ཁའི་ཉི་གཞོན་གྱི།།

འཕྲི༵ན་ལ༵ས་འོད་ཟེར་ཤར་བའི་དགའ་ལྡན་གླིང་།།

བཤད་སྒྲུབ་བསྟན་པ་སྔར་ལྟར་ཡུན་གནས་ཀྱང་།།

བཅོས་མིན་སེམས་གཏིང་སྤྲོ་སྣང་སྔར་བཞིན་དབེན།།


ཕྱི་ལུས་ཟག་ཕུང་ཚ་བའི་མེ་ལྕེས་གཙེས།།

ནང་སེམས་བླ་མ་དྲན་པའི་གདུང་བས་མནར།།

སྐྱོ་གདུང་སྙིང་ལ་གཟན་པའི་ན་ཟུག་ཀློང་།།

སྡུག་གིས་བསྐྲུན་པའི་འཁོར་བར་ཞེན་གཏིང་ལོག།


    ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ལམ་རིམ་པ་རྗེ་བཙུན་ཐུབ་བསྟན་འཕྲིན་ལས་མཆོག་གི་དགོངས་རྫོགས་དུས་ཆེན་ཉིན་གང་གི་སློབ་བུའི་གྲལ་མཐར་གཏོགས་པས་མི་ཕྱེད་དད་པའི་སྒོ་ནས་འབྲི་ཁུལ་བགྱིད།

Popular Posts