རྒྱལ་བའི་ཡོངས་འཛིན་༧སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་དགོངས་རྫོགས་བསུ།



༄༅།།བརྗིད་ཅིང་རྔམ་པའི་གཟུགས་སྐུ་གསེར་གྱི་ལྷུན།།

སྙན་ཞིང་འཇེབས་པའི་གསུང་དབྱངས་ལྷ་ཡི་རྔ་།།

ཟབ་ཅིང་རྒྱ་ཆེའི་ཐུགས་ཡིད་རྒྱ་མཚོའི་ཀློང་།།

མཐོང་ཐོས་དྲན་ཙམ་ཉེས་བརྒྱ་ཀུན་ལས་གྲོལ།།


བློ༵་གྲོས་ཡངས་པོ་ཁང་བཟང་དམ་པའི་རྩེར།།

བཟ༵ང་པོའི་འཕྲིན་ལས་ཉི་ཟླའི་དཀྱིལ་འཁོར་རྒྱས།།

ཡེ༵་ཤེས་མཚོན་ཆ་རྣམ་རིག་བཀྲ་བ་ཡིས།།

ཤེ༵ས་བྱའི་སྨག་ཆེན་སྒྲིབ་གཉིས་ཀུན་ནས་འཇོམས།།


བསྟན༵་པའི་ཁུར་ཆེན་ཕྲག་ཏུ་ཉེ་བླངས་ཏེ།།

འཛི༵ན་པའི་བ་དན་སྲིད་གསུམ་དགུང་ལ་བསྒྲེངས།།

རྒྱ༵་བོད་མཁས་པའི་ལུགས་བཟང་འགྲེལ་པ་ཡིས།།

མཚོ༵་སྐྱེས་བློ་གསལ་སྟོང་གི་འདབ་བརྒྱ་གྲོལ།།


བློ་གྲོས་ཡངས་པོ་འབྱམས་ཀླས་ཨ་སྔོན་དགུང་།།

བློ་གསལ་ཉིན་བྱེད་འོད་སྟོང་འབར་བའི་གཟི།།

བློ་གཞོན་མཚོ་སྐྱེས་འདབ་སྟོང་གྲོལ་བའི་མཉེན།།

བློ་གཏེར་རྒྱ་མཚོ་ཤེས་རབ་ཀུན་གྱི་བདག།།


འཆད་རྩོད་རྩོམ་པའི་སེང་གེའི་གད་རྒྱངས་བསྒྲགས། །

ལོག་སྨྲའི་ས་མྱོས་ཚོགས་དག་ངང་གིས་ཞུམ།།

བདེ་ལེགས་ཀུན་གྱི་རྩ་བ་ཐབས་མཁས་ཀྱིས།།

རྣམ་གྲོལ་ཐར་པའི་ལམ་དུ་བཀོད་པར་རྨད།།


ཐུབ་བསྟན་རྒྱ་མཚོ་ཡང་ཡང་ལེགས་བསྲུབས་ནས།།

བྱུང་བའི་ཡང་སྙིང་རྣམ་དག་སྙན་བརྒྱུད་བསྟན།།

ཕན་བདེ་ཀུན་གྱི་ཕྱི་མོ་རབ་གཟིགས་ཏེ།།

རྒྱ་མཚོའི་གོས་ཅན་ཁྱོན་ལ་རྒྱལ་མཚན་འཆང།།


མན་ངག་ཟབ་མོའི་ཆུ་རྒྱུན་དམ་པ་དངོས།།

བུམ་པ་གང་བྱོའི་ཚུལ་གྱིས་རྒྱུད་ལ་ཕྱུག།།

གསང་སྔགས་རྡོ་རྗེའི་ཐ་ཚིག་གཉན་པོ་དེ།།

མི་འགྱུར་སྲོག་ལྟར་བསྲངས་བ་ཨེ་མ་མཚར།།


མི་རྟག་སྒྱུ་མའི་འཕྲུལ་སྣང་རབ་གཟིགས་པས།།

རྟག་འཛིན་འགོང་པོས་སྲིད་ན་འཆིང་མ་ནུས།།

ངེས་འབྱུང་མྱུ་གུའི་འཕེལ་ཁ་ཆེས་རྫོགས་པས།།

འདོད་ཡོན་མྱོས་ཆུས་ཀུན་ནས་བཟི་མ་ནུས།།


གངས་ལྗོངས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཞེས།།

སྙན་པའི་གྲགས་པ་གླིང་བཞིའི་ཁྱོན་ལ་འབར།།

སྐར་ཚོགས་དཀྱིལ་དུ་དུང་ཟླ་གསལ་བ་བཞིན།།

མཁས་པའི་ཚོགས་སུ་ལྷུན་པོའི་སྤོ་ལྟར་མངོན།།


བློ་དམན་བདག་སོགས་སྔོན་བསགས་ལས་ཉོན་རྐྱེན།།

ད་རེས་རྣམ་གཡེང་ལས་ལ་ངང་གིས་འཇུག།།

སྒོ་གསུམ་ཉེས་ཚོགས་བག་མེད་ཅི་བགྱིས་ཀུན།།

ཁྱེད་ཉིད་མདུན་དུ་མ་ལུས་བཤགས་པར་གསོལ།།


བླང་དོར་འབྱེད་པའི་བློ་མིག་ཀུན་ནས་ལྡོང།།

འདོད་ཆུང་ཆོག་ཤེས་འབྱོར་བས་ཡེ་ནས་ཕོངས།།

ཉོན་མོངས་དགྲ་བོས་རྣམ་ཀུན་རྒྱུན་དུ་གཙེས།།

བདག་འདྲའི་ཉམ་ཐག་ཐུགས་རྗེས་བཟུང་དུ་གསོལ།།


སྙིགས་མའི་དུས་ཀྱི་མེ་ལྕེ་དྲག་ཏུ་འབར།།

ཆོས་བརྒྱད་བདུད་ཀྱིས་བཟུང་བའི་སྲིད་པ་འདིར།།

མགོན་མེད་བདག་མཉམ་ཐུགས་རྗེའི་བརྩེ་བའི་རླབས།།

མི་ལྷོད་ཡང་ཡང་འཕྱུར་བ་སྙིང་ནས་གསོལ།།


ཁྱེད་ཞལ་དུང་ཟླ་མཇལ་བའི་སྐལ་དབེན་ཡང་།།

ཁྱེད་གསུང་བདུད་རྩི་ཡང་ཡང་མྱོང་པ་དང་།།

ཁྱེད་ཀྱི་མཛད་རྗེས་བགྲེས་པོས་གླེང་པ་ན།།

ཁྱེད་ཉིད་དྲན་པའི་གདུང་བས་ལྷག་ཏུ་གཙེས།།


གངས་ཅན་བསིལ་མོ་ལྗོངས་ཀྱི་སེར་སྐྱ་ཀུན།།

ཆོས་སྲིད་གང་གི་ཐད་ནས་བརྩེ་བས་བསྐྱངས།།

རྩམ་ཟན་རིགས་ཀྱི་སྤྱི་ནོར་དམ་པ་ཉིད།།

དྲན་པའི་གདུང་བ་དབྱར་མཚོའི་རླབས་དང་བསྡེབས།།


རྒྱལ་བསྟན་དྲི་མེད་སྤེལ་བའི་དཔའ་བོ་མཆོག།།

ཁྱེད་ཀྱི་མཛད་རྗེས་གང་གཱའི་ཀློང་ལྟར་ཟབ།།

མི་རིགས་ལ་རྒྱ་དགུང་དུ་བསྒྲེངས་བའི་སྲས།།

ཉིད་ཀྱི་བཀའ་དྲིན་ནམ་ཡང་གཞལ་ཐབས་དབེན།།


མགོན་སྐྱབས་དམ་པ་ཉིན་མོའི་དབང་ཕྱུག་ཅིག།།

ནུབ་རི་བརྒལ་ནས་དག་ཞིང་གཤེགས་ཟིན་པས།།

འཁོར་བའི་གྲོག་རོང་ལུས་པའི་འཁྱམ་པོ་ངས།།

དྲན་པའི་གདུང་དབྱངས་སྨྱུ་གུའི་རྩེ་ནས་ཤོར།།


ཅེས་པ་འདི་ནི་རྒྱལ་བའི་ཡོངས་འཛིན་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་དགོངས་རྫོགས་བསུ་བའི་ཚུལ་དུ་མི་ཕྱེད་དད་པའི་སྒོ་ནས་སྤྱི་ལོ་༢༠༢༢/༡༠/༥ 

དགོངས་རྫོགས་ཉིན་སྤེལ།

Popular Posts