<<གངས་ལྗོངས་ལ་འཁྲེང་བའི་དུང་བ>>

ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས།།

ས་ཆེན་མོ་གོ་ལའི་ཡང་རྩེ་རུ།།

རིགས་སྤྲེལ་དང་བྲག་སྲིན་འདུས་པའི་རྒྱུད།།

བཙན་སྤུར་རྒྱལ་རིགས་རྒྱུད་འདི་ནས་འཕེལ།།


ཞིང་ཡར་ཀླུང་མཛེས་ལྗོངས་ཡངས་པོ་རུ།།

རི་ཤྭ་བ་ཡུ་མོའི་བརླ་འདྲའི་སྟེང་།།

མཁར་ཐོག་མར་ཡུམ་བུ་བླ་མཁར་བརྗིད།།

མེས་བཙན་པོའི་ལོ་རྒྱུས་འདི་ནས་བྱུང།།


སྟེང་སུམ་རྩེན་ལྷ་ཡུལ་འཕོ་འདྲ་བའི།།

ཡུལ་ལྷ་ཡི་ཞིང་ས་དམ་པ་རུ།།

རྩེ་རི་བོ་གྲུ་འཛིན་མཛེས་ཤིང་དཔལ།།

རྗེ་སྲོང་བཙན་མཛད་བཟང་འདི་ནས་རྙེད།།


གཙང་ཡར་ཀླུང་ཉལ་འགྲོའི་བྱང་ངོས་ནས།།

རི་ལྷུན་པོ་གནམ་གྱི་ཀ་བའི་འདབས།།

དཔལ་བསམ་ཡས་གཙུག་ལག་ལྷ་ཁང་མཛེས།།

རྗེ་མཁན་སློབ་ཆོས་གསུམ་འདི་ནས་དྲན།།


ཆོས་ལུང་རྟོགས་བསྟན་པ་སྤེལ་བའི་རྒྱན།།

ལུགས་ཆེན་མོ་ས་དགེ་བཀའ་རྙིང་བཞིའི།།

སྡེ་ཆེན་མོ་གདན་ས་བརྒྱ་ཕྲག་ལྷག།།

ཆོས་བཤད་སྒྲུབ་འཕེལ་བའི་ཞིང་ས་བཟང་།།


འགྲོ་རིགས་དྲུག་ཀུན་ལ་ཕན་པའི་སྨན།།

བྱམས་སྙིང་རྗེའི་གོམས་པ་ཆེར་འཕེལ་ཏེ།།

རིགས་དགྲ་གཉེན་བར་གསུམ་གཅིག་ཏུ་ལྟ།།

གནོད་འཚེ་མེད་ཁྲ་ཆུང་མིག་ལྟར་སྲུང།།


སྟོད་མངའ་རིས་མི་ཡི་ཆོལ་ཁ་རུ།།

ཡབ་བཙན་པོའི་ཁྲག་རྒྱུད་འདི་ནས་བཞུར།།

ཕོ་རྒོད་པོའི་དཔའ་ངར་འགྱིང་སའི་ཞིང།།

བུ་དཔའ་བོའི་སྙིང་སྟོབས་ཞུམ་མེད་རྒྱས།།


བར་དབུས་གཙང་ཆོས་ཀྱི་ཆོལ་ཁ་རུ།།

ཆོས་མདོ་སྔགས་བསྟན་པ་འདི་ནས་དར།།

བཙུན་ཕོ་མོས་ཆོས་འཁོར་བསྐོར་སའི་ཞིང་།།

འབངས་མི་སེར་རྟག་ཏུ་ཆོས་ལ་རོལ།།


སྨད་མདོ་ཁམས་རྟ་ཡི་ཆོལ་ཁ་རུ།།

རྟ་འདོ་བའི་འཕེལ་ཁ་འདི་ནས་རྒྱས།།

ནོར་འབྲི་གཡག་ར་ལུག་འཕེལ་བའི་ཞིང་།།

ཕྱུགས་ནོར་གྱི་འཕེལ་ཁ་ཤིན་ཏུ་བཟང་།།


རི་ལྷུན་པོ་ཧི་མ་ལ་ཡི་རྒྱུད།།

གླིང་ཆེན་པོ་བཞི་ཡི་སྲོག་ཤིང་བརྟན།།

སྤོ་མཐོ་བའི་རི་བོ་ཇོ་མོ་གླང་།།

སྟེང་སུམ་རྩེན་ཞིང་དུ་རྔམ་ཞིང་བརྗིད།།


སྤང་སྔོན་མོ་གཡུ་ཡི་མེ་ལོང་སྟེང་།།

མཛེས་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ།།

དྲི་ཞིམ་མོ་ཕྱོགས་བཅུ་ཀུན་འཐུལ་བས།།

སྦྲང་བུང་བ་སྟོང་གིས་གར་ལ་རྩེན།།


ནགས་སྟུག་པོ་རྩི་ཤིང་རྒྱས་པའི་ཚལ།།

ཤྭ་རི་དྭགས་སྣ་ཚོགས་ཞི་ཞིང་འཚོ།།

སྟག་དོམ་དང་གཅན་གཟན་སྣ་མང་དག།།

ཅི་འདོད་དུ་ལོངས་སྤྱོད་བདེ་སྐྱིད་རོལ།།


མཚོ་ཆེན་མོ་མ་དྲོས་མ་ཕམ་གཡུ།།

ཡུལ་གླིང་ཆེན་བཞི་ཡི་ཆུ་འགོ་དངོས།།

ཆབ་ཁ་བབས་བཞི་པོའི་ཆུ་རྒྱུན་ཡང་།།

འགོ་འདི་ནས་མཐའ་ཡི་རྒྱ་མཚོར་འབབ།།


ཟླུམ་གོ་ལ་ཧྲིལ་པོའི་རྒྱ་ཁྱོན་རུ།།

བསྐོར་ལན་གསུམ་བརྒྱབས་ནས་ཤག་ཤག་འབབ།།

མཐའ་རྒྱ་མཚོའི་གཏིང་དཔག་དཀའ་བ་དེར།།

སྤུན་ཁ་བབས་བཞི་པོས་ཚོད་ཅིག་ཉུལ།།


གངས་རི་བོ་གནམ་གྱི་ཀ་བ་དག།།

དབུ་ལ་ཐོད་ཁ་བའི་ཐོར་ཅོག་བཅིངས།།

སྤྲིན་དཀར་པོའི་བལ་འདབ་མགུལ་བརྒྱན་ནས།།

ས་གོ་ལའི་རྩེ་ནས་རྒྱང་གཟིགས་བྱེད།།


ནོར་གསེར་ལྡན་སྒེག་མ་ཡངས་མོའི་སྟེང་།།

གནམ་སྔོན་མོ་ས་ལ་བཞུས་འདྲ་བའི།།

མཚོ་མཚོ་ཆེན་སྟོང་གི་གཡུ་ཡི་ཕྲ།།

མཛེས་རྒྱན་དུ་སྤྲས་པ་བལྟ་ན་སྡུག།།


རྩྭ་སྣ་མང་འཕེལ་ཁ་ཆེས་རྫོགས་པའི།།

ཐང་ཆེན་པོ་ནེའུ་གསེང་གཡུ་ཡི་སྟེང་།།

སྟོབས་ཤ་ཤེད་རྒྱས་པའི་ཅང་ཤེས་རྟ།།

འགྲོས་གོང་ཁ་འགྲན་བཞིན་དལ་བུར་རྒྱུགས།།


ནོར་འབྲི་གཡག་ཕན་ཚུན་རྭ་རྩེད་རོལ།།

ལུག་གཡང་དཀར་འབའ་སྒྲ་དི་རི་རི།།

རྟ་འདོ་བའི་འཚེར་སྐད་སི་ལི་ལི།།

ཕྱུགས་རྫི་བོའི་གླུ་སྐད་སྙན་ལྷང་ལྷང་།།


གངས་ཆུ་བོ་གཡུ་འབྲུག་རྒྱུ་བཞིན་འབབ།།

ཉ་གསེར་མིག་སྣ་ཚོགས་ཅི་འདོད་འཚོ།།

ཆབ་ཡན་ལག་བརྒྱད་ལྡན་དྭངས་ཤིང་བསིལ།།

དྲི་ཞིམ་ཞིང་འཐུང་ན་ལྟོ་བ་བདེ།།


རོ་བརྒྱ་ལྡན་སྦྲང་དཀར་རྩམ་པ་དང་།།

དྲི་ཞིམ་མོ་དྭངས་གཙང་འོ་ཇ་གཉིས།།

ཟས་མར་ཐུད་མོག་མོག་དཀར་ཟས་སོགས།།

རོ་བྲོ་བཅུད་ལྡན་པའི་བཟའ་བཏུང་ཕྱུག །


གངས་དཀར་པོའི་ཤེལ་གྱི་མཆོད་རྟེན་བསྟར།།

གངས་སེང་གེའི་གད་རྒྱངས་གནམ་ས་འགེངས།།

གངས་མེ་ཏོག་ལྷབ་ལྷབ་འབབ་སའི་ཞིང་།།

གངས་བུ་ཕྲུག་ལྟེ་ཁྲག་ལྷུང་སའི་ལྗོངས།།


Popular Posts