![]() |
འཛམ་གླིང་སྤྱི་བསང་གི་བྱུང་རིམ་སྙིང་བསྡུས། |
འཛམ་གླིང་སྤྱི་བསང་ཞེས་པའི་དོན་ནི་འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་རྣམས་ལ་བསང་གི་བརྔན་པའི་དུས་ཆེན་ཞིག་ཡིན་པས་འཛམ་གླིང་སྤྱི་བསང་ཞེས་གྲགས།
འདིའི་བྱུང་རིམ་ནི། སྔོན་མེས་པོ་གོང་མ་མཁན་སློབ་ཆོས་གསུམ་གྱི་དུས་སུ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་སྐབས་བོད་ཡུལ་གྱི་ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས་ཕྲག་དོག་བྱེད་པའི་རྐྱེན་གྱིས་ལམ་ལྷོངས་མ་བྱུང་བས། སློབ་དཔོན་གུ་རུ་པདྨ་འབྱུང་གནས་མཆོག་གིས་ཏིང་ངེས་འཛིན་གྱི་མཐུ་ལ་བརྟེན་ནས་ལྷ་སྲིན་གདུག་རྩུབ་ཅན་དག་དམ་ལ་བཏགས་ཏེ་གཙུག་ལག་ཁང་ལེགས་བསྒྲུབས་ཟིན་པའི་རྗེས། དེའི་རྗེས་དྲན་གྱི་ཚུལ་དུ་རྒྱགས་རྔན་ལྷ་བསང་མཛད་ནས་སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དགའ་སྤྲོ་གཟབ་རྒྱས་ངང་ཧད་པོ་རིའི་རྩེ་ལ་འཛམ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་བསང་གི་བརྔན་པའི་དུས་དེ་ནས་བཟུང་འགོ་བཙུགས་པས། ལོ་ལྟར་ཡོངས་གྲགས་ལ་བོད་ཟླ་ ༥ པའི་ཚེས་ ༡༥ ཉིན་དེར་སླེབས་དུས་རྗེས་དྲན་གྱི་ཚུལ་དུ་བསང་གསོལ་བྱེད་པའི་སྲོལ་དེ་ནས་བྱུང་བ་ཡིན།
དགེ་ལུགས་འཕྲུལ་དེབ་ཁང་གི་རྩོམ་སྒྲིག་པས།
