༄༅། །བསྟན་པ་སྤྱི་བྱེ་བྲག་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དྲིན་ཅན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། (ཨིང་ལན་)དགེ་བཤེས་སྐལ་བཟང་རྒྱ་མཚོ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ། རང་ཉིད་ཐག་རིང་འགྲུལ་བཞུད་ཀྱི་ལམ་བར་ནས་ཐོས་ཤིང་ཡིད་ཕམ་ཚད་མེད་དང་བཅས། ད་རིང་(གོ་ད་ཝ་རིའི་གནས་)དང་ཉེ་བའི་མགྲོན་ཁང་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོའི་སྐུ་པར་མཐོང་སྒྲོལ་རིན་པོ་ཆེ་མདུན་ལྕོག་སྟེང་དུ་བཤམས་ཤིང་། མེ་ཏོག་དང་གསོལ་ཇ་ཤིང་ཐོག་སོགས་མཆོད་པ་གང་རྒྱས་བསྒྲིགས་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ལ།
༄༅། །སྐལ་བཟང་རྒྱལ་བ་རྒྱ་མཚོའི་གདུང་འཚོབ་ཆེ།།
སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གཅིག་པུ།།
དྲིན་ཆེན་བླ་མ་སྐལ་བཟང་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།
ཇོ་འབྲོམ་ཉི་ཟླ་ཟུང་གི་བཀའ་སྲོལ་དང་།།
འབྲོག་རིའི་རྒྱལ་བ་གཉིས་པའི་རིང་ལུགས་ཆེ།།
གླིང་འདིར་མ་ཁྱབ་ཁྱབ་དང་སྤེལ་བའི་མགོན།།
མགོན་པོ་སྐལ་བཟང་རྒྱ་མཚོ་སྙིང་ནས་དྲན།།
ཕྱི་ལོ་གོ་དྲུག་ནས་བཟུང་དགེ་ལྡན་བསྟན།།
བསྟན་འཛིན་བསྟན་སྲུང་ཡོན་བདག་བཅས་པའི་ཐོག།
རོ་ཐོག་རྟ་རྒྱུག་གཏོང་བའི་སྐབས་གང་ཡིན།།
བཀའ་དྲིན་ཕུང་པོ་ལྕི་དེ་སླར་ཡང་དྲན།།
ཞྭ་སེར་རིང་ལུགས་གུར་གུམ་མེ་ཏོག་ཚལ།།
བཀའ་དྲིན་དྲོད་ཀྱིས་སྐྱོངས་པའི་བཤེས་གཉེན་ལ།།
དད་གུས་ལྷག་བསམ་བརྩེགས་པའི་སྙིང་ཁོང་ནས།།
རྗེས་སུ་འཛིན་པའི་གསོལ་བ་ཡང་ཡང་བཏབ།།
ཁྱེད་ཀྱི་རྣམ་ཐར་ཕྱི་གཙང་ནང་གཙང་ལ།།
ཡིད་དབང་མི་འགུགས་དཔྱོད་ལྡན་སུ་ཞིག་ཡོད།།
དེ་ཕྱིར་སྐལ་བཟང་རེ་སྐོང་ཡིད་བཞིན་ནོར།།
རྒྱ་བ་རྒྱ་མཚོའི་གདུང་འཚོབ་རིན་པོ་ཆེ།།
གློ་བུར་མཁའ་ལ་སྤྱོད་པའི་གྲོང་འཁྱེར་དུ།།
ཧེ་རུ་ཀ་ཡིས་མངགས་པའི་ཕོ་ཉ་མོས།།
འཇའ་དང་འོད་ཀྱི་ལམ་ནས་སྤྱན་དྲངས་པར།།
སྐྱོ་ཡང་ད་དུང་ཁྱེད་ཀྱི་འཕྲིན་ལས་ནི།།
གླིང་བཞིའི་མུན་པ་སེལ་ལ་ཉི་མ་ཡང་།།
མི་ངལ་དལ་གྱིས་འགྲོ་བའི་ངང་ཚུལ་བཞིན།།
བཤེས་གཉེན་ཉི་མ་གཞོན་ནུ་ཁྱེད་ཉིད་ཀྱང་།།
འགྲོ་བའི་གཙུག་གི་རྒྱན་དུ་མྱུར་ཤར་ཤོག།།
གཞན་གྱིས་མི་ཚེར་སྒྲུབ་ཀྱང་འགྲུབ་དཀའ་བའི།།
བསྟན་འགྲོའི་དོན་ཆེན་ཐུང་ངུའི་ཡུན་ལ་རྫོགས།།
ཁྱེད་མཚུངས་འདི་འདྲ་གཞན་དག་ཡོང་རེ་སྐན།།
འབྲེལ་བ་ཐོག་ཚད་སྤོབས་པ་གོང་ལ་བཏེགས།།
བླང་དོར་གནད་ལ་ཐོས་པའི་སྒྲོན་མེ་སྤར།།
མདོ་སྔགས་ཡོངས་ལ་བསམ་པའི་སྒྲོ་འདོགས་བཅད།།
རྣམ་རྟོག་རླུང་གིས་མི་གཡོ་ཏིང་འཛིན་འཁྲུངས།།
གྲུབ་ཆེན་དབེན་ས་གཉིས་པ་ཁྱེན་མིན་སུ།།
ལེགས་བཤད་སྐྱེས་ཀྱི་གསུང་རྩོམ་པོད་ཉེར་བཞི།།
འཕྲིན་ལས་འོད་ཀྱི་ཆོས་ཚོགས་སྟོང་ལས་བརྒལ།།
གསུང་ལས་སྐྱེས་པའི་སློབ་མ་འབུམ་ལས་ལྷག།།
འབྲེལ་བ་ཐོག་ཚད་རྩིས་ན་གྲངས་ལས་འདས།།
འཁོར་ལོ་གསུམ་གྱི་བྱ་བ་མཛད་བཞིན་དུ།།
ནང་དུ་ཡང་དག་འཇོག་ལ་མི་ངོམས་པ།།
བཤེས་གཉེན་སྐལ་བཟང་རྒྱ་མཚོའི་རྣམ་ཐར་ལ།།
སྐྱེ་བ་ཀུན་ཏུ་རྗེས་སུ་ཡི་རང་ངོ་།།
གྲྭ་རྐྱང་ཉམ་ཆུང་དཀྱུས་མའི་དགེ་བཤེས་ཤིག།།
བསྟན་འགྲོའི་དོན་ཆེན་མཛད་ལུགས་འདི་བསམ་ཚེ།།
བསྟན་ལ་བྱ་བ་ཅི་ཡང་མི་ནུས་པའི།།
བསྟན་འཛིན་མིང་ཅན་གཞན་ལ་གུས་པ་ལྷོད།།
ཕན་བདེའི་ལམ་བཟང་བཀའ་གདམས་རིང་ལུགས་སྲོལ།།
འཛིན་ཅིང་སྤེལ་བའི་སློབ་མ་ཡང་སློབ་རྣམས།།
ཆོས་སྲིད་འཛུམ་འོད་འབར་བའི་དགེ་མཚན་གྱིས།།
རྟག་ཏུ་ཡར་རྒྱས་ཡོང་བར་བྱིན་གྱིས་རློབས།།
སྔ་ཕྱིར་བདག་ལའང་གཟིགས་སྐྱོང་བླ་ན་མེད།།
ད་དུང་ཡར་འདྲེན་ཐུགས་རྗེའི་ཕྱག་བརྐྱངས་ཏེ།།
བདག་རྒྱུད་དགེ་བའི་ཆོས་ནོར་འཕེལ་བ་ཞིག།
དེ་ཉིད་ཁོ་ནར་བསམ་གཏན་ཞུ་བ་ལགས།།
ཞེས་རང་ངོས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་སྐལ་བཟང་རྒྱ་མཚོ་རིན་པོ་ཆེའི་བཀའ་དྲིན་ཆེན་པོ་རྗེས་སུ་དྲན་ཞིང་། ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་གསོལ་བ་འདེབས་པ་གཙོ་བོར་བྱེད་རྒྱུ་ལས། གསལ་བསྒྲགས་ལྟ་བུའི་ཡི་གེ་ཞིག་དགོས་པ་མ་མཐོང་ཡང་། ཆོས་གྲོགས་མང་པོ་ཞིག་གིས་ལྷག་བསམ་གཡོ་བ་མེད་པའི་སྒོ་ནས་ཁྱོད་ཀྱིས་ཀྱང་ཡི་གེ་ཞིག་བྲིས་ཐུབ་ན་ཞེས་གསུང་མཁན་མང་བ་དང་། རང་ཡང་ཡོངས་ཀྱི་དགེ་བའི་བཤེས་གཉེན་རིན་པོ་ཆེའི་ཞལ་རས་དངོས་མཇལ་གྱི་གོ་སྐབས་མ་བྱུང་བར་ལོ་དགུ་ཙམ་དང་། གསུང་གི་བདུད་རྩི་རྣ་བའི་གོ་སྐལ་དུ་མ་གྱུར་བར་ཡང་ལོ་ཤས་སོང་བའི་མཚམས་དེ་འདྲ་ཞིག་ནས་གནས་ཚུལ་འདི་འདྲ་ཞིག་ཐོས་པར། བློ་ཕམ་དང་ཡིད་གདུང་ཚད་མེད་པའི་ཐོག་གུས་གྱི་ན་བ་དགེ་བཤེས་དཀོན་མཆོག་རྒྱལ་མཚན་དུ་འབོད་པས། ཕྱི་ལོ་(༢༠༢༢)ཟླ་(༩)ཚེས་(༢༤)ལ་(གོ་ད་ཝ་རིའི་གནས་)དང་ཉེ་བའི་མགྲོན་ཁང་དུ་སྦྱར་བ་ཛཡནྟུ།
