རྟོགས་བརྗོད་དྲི་ཟའི་རྒྱུད་མང་།


༄༅།།ཚོགས་གཉིས་གཤོག་ཟུང་རྒྱས་པའི་ཆོས་ཀྱི་སྐུ།།

ལེགས་བཤད་དྲུག་ཅུའི་རྩལ་རྫོགས་སྙན་པའི་གསུང་།།

ཤེས་བྱའི་གནད་ཀུན་ཐོགས་མེད་མཁྱེན་པའི་ཐུགས།།

མ་ལུས་རྫོགས་ལྡན་དྲིན་ཅན་བླ་མ་འདུད།།


ཤོ༵ག་ཁག་ཆེན་མོ་མདོ་ཁམས་ཆུ་བཞི་སྒང་།།

དྲུ༵ག་གི་ཡ་གྱལ་སྤོ་འབོར་སྒང་གི་ཁོངས།།

ཁྲི༵་རབས་ང་དྲུག་བློ་བཟང་དྲི་མེད་ཀྱི།།

སྤྲུལ༵་པའི་ཉིན་གཞོན་བདག་སོགས་མགོན་དུ་ཤར།།


བློ༵་གཏེར་འཇམ་དབྱངས་བྱིན་རླབས་ཚན་ཁ་འབར།།

བཟ༵ང་པོའི་སྐྱེས་ཆེན་དམ་པའི་སྐུ་འཕྲེང་རིམ།།

འབྱུ༵ང་བའི་དགེ་ལྡན་ཤོག་དྲུག་ཆོས་འཕེལ་གླིང་།།

གན༵ས་དེ་ཡང་ཡང་ཐུགས་སུ་ལྷོད་མེད་བཅངས།།


མདོ་རྒྱུད་རིན་ཆེན་གདམས་པའི་སྐྱེད་ཚལ་ནང་།།

བློ་གྲོས་ཟབ་མོའི་རྩལ་སྟབས་རབ་ངོམ་པས།།

དཔྱད་གསུམ་རིགས་པའི་གློག་ཞགས་རྣམ་ཀུན་འཁྱུག།།

རྟག་ཏུ་གཞུང་དོན་སྦྲང་རྩི་དམ་པས་མྱོས།།


ཚུལ་ཁྲིམས་གངས་ཀྱིས་གཡོགས་པའི་ཀེ་ལ་ཤར།།

ཕྱིན་དྲུག་གངས་སེང་གཏུམ་མོའི་གཡུལ་རལ་འགྱིང།།

བྱིན་རླབས་ཁ་བའི་འདབ་མ་ལྷབ་ལྷབ་ལས།།

དུག་གསུམ་ནད་ཀྱི་ཚ་གདུང་རིམ་གྱིས་ཉམས།།


ཟབ་དོན་མན་ངག་ཉལ་འགྲོ་བུ་མོའི་རྒྱུན།།

ཐོས་པའི་རྣམ་རིག་ཡུ་བ་ལས་དྲངས་ཏེ།།

ཐུགས་རྒྱུད་ཡངས་པོ་རྒྱ་མཚོའི་གོས་ཅན་ཁྱོན།།

མཁྱེན་དཔྱོད་རྐང་འཐུང་རྒྱས་པའི་གསོས་སུ་འཇོ།།


རྣམ་དཔྱོད་ཤེས་རབ་གློག་ཞགས་དམར་པོ་ལས།།

ལེགས་བཤད་དམ་པ་ཆུ་འཛིན་ཕུང་པོ་འཁྲུངས།།

མན་ངག་ཟབ་མོ་སྦྲང་ཆར་སིལ་སིལ་ལས།།

ལས་ཅན་གདུལ་བྱའི་སྐོམ་པའི་ཚ་གདུང་སེལ།།


ཀློང་ཆེན་གཞུང་བཟང་མཚོ་སྐྱེས་ཀ་མ་ལར།།

ལེགས་བཤད་དྲི་བསུང་ས་གསུམ་ཀློང་ལ་འཐུལ།།

རིས་མེད་བུང་བ་འབུམ་ཕྲག་གྲངས་མེད་ཚོགས།།

ངང་གིས་འཁོར་ནས་གསུང་བཅུད་ངོམས་མེད་རོལ།།


འཕགས་ཡུལ་ཤིང་རྟ་ཆེན་མོ་ཡབ་སྲས་དང་།།

ཁྱད་པར་བཀའ་གདམས་གསར་རྙིང་མདོ་རྒྱུད་ཀྱི།།

གདམས་ངག་དམ་པ་གསེར་གྱི་འཕྲེང་ཐག་རུ།།

མི་ལྷོད་དམ་དུ་འཆང་པོ་མཁས་པའི་རྒྱན།།


རླབས་ཆེན་བྱང་སེམས་སྤྱོད་པ་དམ་པ་རུ།།

སྐུ་ཕྲེང་རིམ་བྱོན་ཡང་ཡང་གོམས་པའི་མཐུས།།

ཉིན་མཚན་གཞན་གྱི་དོན་དུ་འབད་འབད་ནས།།

འདས་པའི་ལྷ་གཅིག་རྗེ་བཙུན་བླ་མ་ཉིད།།


བདེ་དང་ལོངས་སྤྱོད་ཕོངས་པའི་རིས་མེད་ཀྱི།།

ཇི་སྙེད་སེམས་ཅན་བགྲང་ལས་འདས་པ་ལ།།

དེ་སྙེད་བྱམས་བརྩེ་དྲོན་མོས་ལྷག་ཏུ་བསྐྱངས།།

སྐྱོབ་པ་ཡབ་གཅིག་རྗེ་བཙུན་བླ་མ་ཉིད།།


ཉོན་མོངས་བདུད་ཀྱིས་སྤྲུལ་པའི་འཁོར་བ་ན།།

དུག་གསུམ་ནད་ཀྱིས་མྱོས་པའི་ཉམ་ཐག་ཚོར།།

སངས་བའི་སྨན་མཆོག་དམ་པ་ཐུབ་པའི་བསྟན།།

མི་ཉམས་ཡུན་དུ་བརྟན་ཕྱིར་ལྷག་པར་འབུངས།།


ཁྱད་པར་བསིལ་ལྗོངས་ཡུལ་གྱི་སྨག་རུམ་ཁྲོད།།

ཐུབ་བསྟན་སྒྲོན་མེ་ཉི་ལྟར་གསལ་བའི་སླད།།

སྙིང་སྟོབས་ཆེན་པོ་དཀའ་བ་མེད་པའི་ངང་།།

ཐུགས་རྗེའི་རླབས་ཕྲེང་བོད་ཁམས་ཡོངས་སུ་གཡོ།།


ལྷག་པར་འཕགས་བོད་ཡུལ་གྱི་དགེ་འདུན་སྡེར།།

གཞུང་ལུགས་རྒྱ་མཚོ་བཤད་སྒྲུབ་འཕེལ་བའི་རྒྱུར།།

དུས་དང་རྣམ་པར་ཀུན་ཏུ་ཐུགས་བཞེད་དེ།།

མཐུན་རྐྱེན་རྣམ་པར་བསྐྲུན་པོ་གཏོང་ཕོད་ཅན།།


ཇུས་ངན་གཡོ་སྒྱུ་ཞིག་གི་རྒྱབ་ལྗོངས་ནས།།

སྙན་བརྒྱུད་བསྟན་པའི་ཕོན་ཐག་ཆད་ཉེ་སྐབས།།

སྙིང་སྟོབས་ཞུམ་མེད་དབྱར་ཆུ་ཆེར་རྒྱས་ཏེ།།

ཐབས་མཁས་ཐུགས་རྗེས་བདག་སོགས་ལྷག་ཏུ་བསྐྱངས།།


མཐའ་འཁོབ་ཡུལ་དུ་སྐལ་ལྡན་གདུལ་བྱ་ཚོར།།

ཀུན་ལ་ཕན་པའི་སྨན་མཆོག་ལུང་རྟོགས་བསྟན།།

ཉི་ཟླ་བཞིན་དུ་གསལ་ཕྱིར་དགེ་འདུན་སྡེ།།

ད་དུང་ལྷོད་པ་མེད་པ་ཡང་ཡང་འདེབས།།


ཁྱད་པར་བལ་པོའི་ཡུལ་དུ་ཐུབ་པའི་བསྟན།།

མི་ཉམས་དབྱར་མཚོ་འཕེལ་བའི་བཤད་སྒྲུབ་གནས།།

ཇོ་འབྲོམ་ཡབ་སྲས་རིང་ལུགས་གཙང་སྐྱོང་བའི།།

བཀའ་གདམས་བསྟན་པའི་གདན་ས་རྨང་ནས་གསོ།།


སྲིད་རྩ་བདག་འཛིན་ཕྲ་མོ་ཡེ་ནས་སྤངས།།

ཕྱོགས་རིས་ཉེ་རིང་ནད་ཡམས་གང་ནས་གོས།།

ཕྲག་དོག་སེར་སྣའི་མཚོན་ཆ་དེ་བས་དབེན།།

ཐུགས་རྒྱུད་ཞི་ཞིང་དུལ་བའི་མི་ཕམ་མགོན།།


གང་ལ་སྡོད་ཁང་མེད་ན་ཁྱེད་ཀྱིས་བསྐྲུན།།

སུ་ལ་འཚོ་རྩ་དབེན་ན་ཁྱེད་ཀྱིས་རོགས།།

ཁྱད་པར་བསྟན་འཛིན་ས་བོན་གྲྭ་རྒྱུན་ལ།།

དོ་ཁུར་ལྷག་པར་བྱས་ཏེ་གདོད་ནས་འབུངས།།


གང་ལ་གང་འདོད་ཁྱེད་ཀྱིས་རྣམ་པར་བསྐྲུན།།

དེ་ལ་དེ་འདོད་ཁྱེད་ཀྱིས་ལྷག་ཏུ་སྦྱིན།།

ས་གནས་སེམས་དཔའ་ཆེན་པོའི་མཛད་ཆེན་འདིར།།

ཚངས་དང་བརྒྱ་བྱིན་སྤྲོ་བས་འདབ་བརྒྱ་ཕུལ།།


ཁྱད་པར་ཤོག་དྲུག་ཡུལ་གྱི་སེར་སྐྱ་ཀུན།།

མ་ཡི་བུ་བཞིན་བརྩེ་བ་དྲོན་མོས་བསྐྱངས།།

ཤེས་རབ་མིག་གིས་ལྡོང་བའི་མགོན་མེད་ཚོར།།

ཐར་ལམ་སྟོན་པའི་མིག་བུ་ཁྱེད་གཅིག་པུ།།


ཕུལ་ཏུ་བྱུང་བའི་རྣམ་དཔྱོད་ཡངས་པོ་རུ།།

རྨད་དུ་བྱུང་བའི་བློ་གྲོས་འོད་འབུམ་བཀྱེས།།

ལོག་སྨྲ་ཝ་ཚོགས་ཐབས་མཁས་ལམ་དྲངས་ནས།།

སྐྱེ་དགུ་རྣམས་ལ་བདེན་པའི་སྐྱ་རེངས་བསྐྲུན།།


མདོར་ན་ཁྱེད་ནི་ནོར་ལྷ་ཛམ་བྷ་ལ།།

འདོད་རྒུ་ཆར་འབེབས་སྲིད་གསུམ་ཁྱོན་ལ་བརྟས།།

མདོར་ན་ཁྱེད་ནི་བྱམས་ཆེན་མ་མ་དངོས།།

འགྲོ་དྲུག་བུ་ཀུན་བྱམས་བརྩེ་དྲོན་མོས་བསྐྱངས།།


ཉིད་ཀྱི་མཛད་རྗེས་ཟབ་ཡངས་རྒྱ་མཚོའི་གཏེར།།

བློ་དམན་བདག་འདྲས་རྫོགས་པར་ག་ལ་ནུས།།

འོན་ཀྱང་བདག་ཉིད་ཚོགས་རྒྱ་ཕྲན་བུ་ཞིག།།

གསོག་པའི་སྐལ་བ་དགའ་བ་འབུམ་གྱིས་བསུ།།

    ཅེས་པ་འདིའང་ཞྭ་སེར་བསྟན་པའི་མངའ་བདག་དགེ་ལྡན་ཁྲི་རབས་ང་དྲུག་པ་ཤོག་དྲུག་ཁྲི་ཆེན་བློ་བཟང་དྲི་མེད་མཆོག་གི་ཡང་སྲིད་ཡོངས་གྲགས་ལ་གསེར་ཀོང་ཁྲི་སྤྲུལ་ལམ་ཁྲི་སྤྲུལ་བློ་བཟང་ཆོས་ཀྱི་འབྱུང་གནས་མཆོག་གི་མཛད་རྗེས་ལ་ཅུང་ཟད་བསྟོད་པ་དྲི་ཟའི་རྒྱུད་མང་ཞེས་བྱ་བ་འདི་ནི་སྤྱི་ལོ་ ༢༠༢༢/༡༡/༩ ཉིན་རྒྱ་གར་ལྷོ་ཕྱོགས་ནས་སྤེལ།

Popular Posts