རྗེའི་བསྟན་པ་དང་མཇལ་བའི་སྨོན་ལམ།
༄༅། །རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་ཞི་ཁྲོ་དང་། །བློ་བཟང་རྒྱལ་བ་ཡབ་སྲས་བརྒྱུད་པར་བཅས། །ཀུན་གྱིས་ཐུགས་རྗེའི་མཐུ་དཔུང་ཆེར་བསྐྱེད་ནས། །བདག་གི་སྨོན་ལམ་བདེ་བླག་འགྲུབ་པར་མཛོད། །བདག་ནི་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །མི་ཁོམ་གནས་སུ་ནམ་ཡང་མི་ལྟུང་བར། །ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བརྒྱུད་མར། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མདོ་རྒྱུད་དགོངས་འགྲེལ་དང་བཅས་འགལ་མེད་དུ། །གང་ཟག་གཅིག་གི་ཉམས་ལེན་གདམས་ངག་ཏུ། །ལེགས་པར་འདོམས་པ་ཚང་ལ་མ་ནོར་ལམ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །དྲི་མེད་རིགས་པའི་ལམ་ལས་རབ་འབྱམས་གཞུང་། །ཇི་བཞིན་གཏན་ལ་འབེབས་པའི་གཞི་ལམ་འབྲས། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཤིང་རྟའི་སྲོལ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ལྟ་སྤྱོད་གཅིག་གྲོགས་གཅིག་ཏུ་སོང་བ་ཡིས། །མཁས་པ་མ་འཆལ་བཙུན་པ་མ་རྨོངས་པར། །ཀུན་ཀྱང་བསྟན་འགྲོའི་དོན་ཉིད་ལྷུར་ཞུགས་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མདོ་སྔགས་ཟབ་བཅུད་ཚང་ལ་མ་ནོར་བར། །འཇམ་དབྱངས་ཞལ་ལུང་མངར་པོས་བྲན་པ་ཡིས། །ཟུང་འཇུག་གོ་འཕང་མྱུར་ལས་ཆེས་མྱུར་བའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཐོས་བསམ་སྒོམ་པ་ཕྱོགས་རེར་མ་ཤོར་བའི། །མང་ཐོས་གདམས་པར་ཤར་བའི་སྙིང་པོའི་བཅུད། །སྒྲུབ་པའི་ཉམས་མྱོང་ཚད་མར་རབ་སོན་པ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །དྲི་མེད་རིགས་པས་དཔྱད་ནས་བསྒོམ་པ་དང་། །རྩེ་གཅིག་མཉམ་པར་འཇོག་པ་ཟུང་འབྲེལ་བའི། །བསྒོམ་ཚུལ་གཞན་ལ་མེད་པའི་ཁྱད་ཆོས་མཆོག །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །རིན་ཆེན་སེམས་མཆོག་འདྲེན་པའི་ཐབས་མཁས་སུ། །འདི་དང་ཕྱི་མའི་སྣང་ཤས་བཙན་ཐབས་སུ། །ལྡོག་ནས་ངེས་འབྱུང་འདྲེན་ཚུལ་ཁྱད་ཞུགས་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །རྒྱུ་འབྲས་བདུན་དང་བདག་གཞན་མཉམ་བརྗེ་ཡི། །མན་ངག་གཅིག་ཏུ་སྒྲིལ་ནས་སྐྱོང་བ་ཡིས། །སེམས་མཆོག་བསྐྱེད་ཚུལ་གཞན་ལས་ཁྱད་ཞུགས་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །བྱིང་རྨུགས་གོལ་ས་སྤངས་པའི་ཏིང་ངེ་འཛིན། །ཚད་ལྡན་གཞུང་ལུགས་ཆེན་མོ་ལས་འོངས་བཞིན། །མི་རྟོག་བསྒྲུབ་ཚུལ་གཞན་ལས་ཁྱད་ཞུགས་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མཁས་གྲུབ་བྱེ་བས་འབད་ཀྱང་དཔོག་མིན་པའི། །ཟབ་མོ་ཇི་བཞིན་གཟིགས་ཤིང་གསུང་བ་ཡིས། །མཐའ་བྲལ་ལྟ་བ་གོང་ན་མེད་པའི་མཆོག །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །སྟོང་དང་རྟེན་འབྱུང་གཅིག་ལས་གཅིག་འཆར་ཞིང་། །རྟོག་བཏགས་ཕྲ་མོར་བྱ་བྱེད་ཀུན་འཐད་པའི། །ཀླུ་སྒྲུབ་ལུགས་བཟང་བདེན་གཉིས་ཆེས་ཕྲའི་གནད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཟབ་མོའི་ཐེག་ལ་སྣོད་རུང་བསྒྲུབ་ཚུལ་དང་། །དཔལ་ལྡན་རྒྱུད་སྡེ་བཞི་ཡི་ལམ་གྱི་འགྲོས། །གསང་བའི་གནད་ཀུན་འབྱེད་ལ་ཟླ་བྲལ་བའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །གཞི་ཡི་སྐྱེ་ཤི་བར་དོར་འཁོར་བའི་རྒྱུན། །ལམ་དང་འབྲས་བུའི་སྐུ་གསུམ་ཉིད་བསྒྱུར་བའི། །སྲིད་པའི་འཁོར་ལོ་གཅོད་ལ་མྱུར་བའི་འཕྲུལ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མྱུར་ལམ་བླ་མེད་ཐེག་པའི་ལམ་གྱི་སྲོག །རླུང་སེམས་དྷཱུ་ཏཱིར་སྡུད་པའི་ལྷན་སྐྱེས་དབྱིངས། །དངོས་སུ་འདྲེན་ཚུལ་གཞན་ལས་ཁྱད་ཞུགས་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །གཉུག་མའི་སེམས་ཀྱི་རང་ཞལ་རྗེན་ཆེར་དུ། །མངོན་དུ་བྱས་ནས་དེ་ཉིད་བདེ་སྟོང་གི །དབྱིངས་སུ་འཇུག་པའི་ཐབས་མཁས་ཆེས་ལྷག་པའི། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །རླུང་སེམས་ཙམ་ལས་མཚན་དཔེའི་བཞིན་ལག་གར། །སྒྱུ་འཕྲུལ་དྲ་བར་དངོས་སུ་ལྡང་བའི་ཚུལ། །གཞན་གྱིས་ཆ་ཙམ་དཔོག་མིན་ངོ་མཚར་གནད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །དོན་གྱི་ལྷན་སྐྱེས་དབྱིངས་དང་སྒྱུ་འཕྲུལ་གར། །མཉམ་སྦྱོར་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །སྐུ་བཞིའི་ས་ལ་སྐད་ཅིག་ཉིད་འཇུག་པ། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མྱུར་ལས་ཆེས་མྱུར་མི་ལོ་བཅུ་གཉིས་དང་། །ལོ་གསུམ་ཕྱོགས་གསུམ་ཙམ་ལའང་ཟུང་འཇུག་གི །གོ་འཕང་བདེ་བླག་བསྒྲུབ་པའི་ཉེ་ལམ་མཆོག །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྟོན་པ་འཇམ་དབྱངས་བླ་མས་རྗེས་བཟུང་ཞིང་། །བསྟན་པ་གྲུབ་མཐའ་ཀུན་གྱི་ཡང་རྩེ་མཆོག །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པ་དང་མཇལ་བའི་སྨོན་ལམ་རྗེས་འཛིན་ཐུགས་རྗེའི་སྐྱབས་སྦྱིན་ཞེས་བྱ་བ་འདི་ཡང་། མེ་གླང་མགོ་ཟླའི་ཡར་གྱི་དགའ་བ་གཉིས་པའི་ཚེས་བཟང་པོར་ཕ་བོང་ཁའི་སྤྲུལ་མིང་པས་རང་ཤག་དབེན་གནས་བཀྲ་ཤིས་ཆོས་གླིང་དུ་རྫོགས་པར་སྦྱར་བའོ།།