འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཆོག་གི་རྟོགས་བརྗོད་ཀ་མ་ལའི་དོ་ཤལ།


དཀར་གསལ་ཟླ་བའི་ཟེར་བཞིན་གསལ་བའི་སྐུ་གཟུགས།།

རྒྱུད་དྲུག་པི་ཝང་སྒྲ་བཞིན་སྙན་པའི་གསུང་དབྱངས།།

ཨ་སྔོན་དགུང་གི་ཁྱོན་བཞིན་ཡངས་པའི་ཐུགས་བརྒྱུད།།

མངའ་བའི་རྒྱལ་བ་བློ་བཟང་གྲགས་པར་འདུད་དོ།།


གངས་ཅན་ཞིང་འདིར་ཐུབ་བསྟན་དྲི་མེད་སྤེལ་ཕྱིར།།

བྱོན་པ་མདོ་སྡེ་ཀུན་ལས་ལུང་གིས་ཟིན་པས།།

ངོ་མཚར་སྣ་ཚོགས་ལྟས་ཀྱིས་ཡོངས་སུ་གཏམས་ཏེ།།

མདོ་སྨད་ཙོང་ཁའི་ཡུལ་དུ་ལྟེ་ཁྲག་ལྷུང་ངོ་།།


སྐུ་ཡི་ལྟེ་ཁྲག་མདོ་སྨད་ཡུལ་དུ་ལྷུང་ཡང་།།

ལང་ཚོ་ཁོ་ལག་དབུས་གཙང་ཕྱོགས་སུ་རྒྱས་ཏེ།།

མདོ་སྡེ་རྩ་འགྲེལ་ཀུན་ལ་དཔྱིས་ཕྱིན་སྦྱངས་པས།།

མཁྱེན་དཔྱོད་བློ་གྲོས་ཉ་གང་ཟླ་ལྟར་རྒྱས་སོ།།


སྐུ་ན་ཕྲ་སྐབས་བློ་གྲོས་གཏིང་དཔོག་དཀའ་ཞིང་།།

ཀུན་ལ་སྙིང་བརྩེ་གཏོང་ཕོད་ཤིན་ཏུ་ཆེ་བ།།

རྒྱལ་སྲས་སྤྱོད་པར་ཕྱིན་དྲུག་ངང་གིས་བརྒྱན་པས།།

སྐྱེ་བོ་ཀུན་གྱི་མཐོང་ཐོས་རྨད་དུ་བྱུང་ངོ་།།


ཟས་གཙང་སྲས་ཀྱི་ལུང་རྟོགས་བསྟན་པའི་ཉིན་བྱེད།།

སྙིགས་དུས་རྩུབ་མོ་ཀློང་དུ་ཆེས་ཆེར་ནུབ་ཚེ།།

སྨན་ལྗོངས་འགྲོ་བའི་དཔལ་མགོན་ཁྱེད་ཉིད་བྱོན་ནས།།

རྒྱལ་བསྟན་ཉི་ཟླའི་སྣང་བ་གསལ་ལེ་སྤེལ་ལོ།།


བསིལ་ལྗོངས་ཁ་བའི་ཡུལ་གྱི་མུན་ནག་ཁྲོད་དུ།།

ཉིན་བྱེད་རྟ་བདུན་དབང་པོ་སྐུ་ཉིད་འཆར་ཚེ།།

བློ་དམན་རྣམས་ཀྱི་རིག་ལམ་སྒོ་བརྒྱ་འབྱེད་དེ།།

སྐལ་ལྡན་གདུལ་བྱ་ཆོས་ཀྱི་ཚིམ་པར་མཛད་དོ།།


དུག་གསུམ་ནད་ཀྱིས་མནར་བའི་ཉམ་ཐག་ཀུན་ལ།།

ཕན་པའི་སྨན་མཆོག་ལུང་རྟོགས་བསྟན་པའི་བཤད་སྒྲུབ།།

འཕེལ་བའི་འབྱུང་གནས་དགེ་ལྡན་རྣམ་པར་རྒྱལ་བའི།།

གླིང་དེ་བསྐྲུན་ནས་རྒྱལ་བསྟན་དྲི་མེད་འཛིན་ནོ།།


རིགས་དྲུག་ཀུན་གྱི་ཚོགས་གཉིས་རྫོགས་པའི་གཞི་རྩ།།

ཕྱོགས་བཅུ་རྒྱལ་བ་དགྱེས་པའི་ལམ་བཟང་མཛད་ཆེན།།

རྒྱལ་བསྟན་འཕེལ་ཕྱིར་སྔ་མེད་གསར་དུ་བཏོད་པས།།

སྐྱེ་རྒུ་རྣམས་ཀྱི་ཕན་བདེའི་གསོས་སུ་ཁྱབ་བོ།།


འཕགས་བོད་མཁས་མངས་རྒྱུ་སྐར་བཀྲ་བའི་ཁྲོད་དུ།།

མངོན་འཕགས་བཅོ་ལྔའི་ཟླ་བ་ཙོང་ཁ་པ་ཡི།།

ཡིད་འོང་དགོད་མདངས་འཕྲོ་བའི་འཛུམ་བག་མཆོག་ལས།།

ལེགས་བཤད་དྲི་བསུང་ཕྱོགས་བཅུ་ཞིང་ཀུན་འཐུལ་ལོ།།


བློ༵་དམན་ཉམ་ཐག་ཀུན་གྱི་མགོན་སྐྱབས་དམ་པ།།

བཟ༵ང་སྤྱོད་བྱམས་དང་སྙིང་རྗེའི་འཕེལ་ཁ་རྫོགས་པས།།

གྲ༵གས་པའི་མཚན་སྙན་ས་གསུམ་ཁྱོན་ལ་འབར་ནས།།

པ༵་སངས་ལྟར་དཀར་ཁ་བའི་ལྗོངས་སུ་གསལ་ལོ།།


གསུང་གསང་མན་ངག་ཟབ་ཡངས་ཆུ་གཏེར་རྒྱ་མཚོ།།

རྣམ་དཔྱོད་ཤེས་རབ་གསེར་གྱི་ཡུ་བར་བརྟེན་ནས།།

ཆོས་བརྒྱད་བདུད་ཀྱིས་སྒྲིབ་པའི་བསིལ་མོ་ལྗོངས་སུ།།

དམ་ཆོས་ཉི་ཟེར་སྣང་བ་ཡོངས་སུ་གསལ་ལོ།།


བྷོ་ཊའི་ལྗོངས་ཀྱི་སྔ་རབས་མཁས་པ་ཁྱུ་ཡིས།།

ཡུན་རིང་བརྟག་ཀྱང་མ་རྙེད་སྟོང་པ་རྟེན་འབྱུང་།།

ལུང་དང་རིགས་པ་བརྒྱ་ཕྲག་ལམ་དུ་དྲངས་ནས།།

གངས་ཅན་ཞིང་དུ་ཤིང་རྟའི་སྲོལ་བཟང་འབྱེད་དོ།།


རྒྱལ་བའི་གསུང་རབ་ཀུན་གྱི་དགོངས་བཅུད་ཟབ་མོ།།

ཕྲ་ལ་རྟོགས་དཀའ་མཐའ་བྲལ་དབུ་མའི་ལམ་སྲོལ།།

ཇི་བཞིན་འགྲེལ་པ་ཀླུ་སྒྲུབ་ཡབ་སྲས་རྣམས་ཀྱི།།

དགོངས་དོན་མ་ལུས་མཁྱེན་པོ་ཁྱེད་ཉིད་གཅིག་པོ།།


མདོ་སྔགས་ཟུང་འབྲེལ་ཐེམ་སྐས་དམ་པར་བརྟེན་ནས།།

གྲུབ་པའི་གོ་འཕང་མཐོན་པོར་རབ་ཏུ་གཤེགས་ཏེ།།

ཐར་འདོད་སྐལ་བཟང་བྱེ་བའི་མགོན་མཉེན་གྱུར་པས།།

སྲིད་གསུམ་མུན་ཁྲོད་དམ་ཆོས་སྒྲོན་མེ་སྤར་རོ།།


འཁྲུགས་ཆ་དུས་ཀྱི་སྙིགས་མའི་འོད་ཞགས་དམར་པོས།།

ཆེས་ཆེར་འཆིང་བའི་སྲིད་པའི་བཙོན་རྭ་ནང་དུ།།

འཁྱམ་པའི་འདུལ་དཀའི་གདུལ་བྱ་རྒོད་པོ་བགྲང་ཡས།།

ཐར་པའི་ལམ་དུ་འགོད་མཁས་ཁྱེད་ཉིད་གཅིག་པོ།།


ལུང་དང་རིགས་པའི་གར་གྱི་སྟངས་སྟབས་དལ་བུར།།

ལོག་སྨྲ་ཀུན་གྱི་སྙིང་རྩ་ཡོམ་ཡོམ་འདར་བས།།

མ་རིག་གཉིད་ཀྱི་རྨོངས་ཆེན་སྒྲིབ་ལས་སད་ནས།།

སྒོ་གསུམ་སྙིང་ནས་ཁྱེད་ལ་གུས་པ་རྨད་དོ།།


གངས་རིའི་རྭ་བས་བསྐོར་བའི་ཁ་བའི་ཡུལ་དུ།།

མཁྱེན་དཔྱོད་ཡངས་པའི་དཔྱོད་ལྡན་བགྲང་ཡས་ཀློང་ནས།།

ཡིད་འཕྲོག་འདབ་ལྡན་མཁས་པ་སྣ་ཚོགས་མཛེས་ཀྱང་།།

ཨུ་དུམ་ར་བ་སྐུ་ཉིད་ལྷག་ཏུ་མཛེས་སོ།།


རིགས་དྲུག་འགྲོ་བའི་གཙུག་རྒྱན་བློ་བཟང་གྲགས་པའི།།

རླབས་ཆེན་མཛད་འཕྲིན་བཟང་པོའི་འོད་གསལ་སྣང་བ།།

བརྗིད་ཆགས་ཡིད་འོང་གངས་དཀར་ལྷུན་པོའི་སྤོ་རུ།།

ཉིན་བྱེད་དབང་པོ་འཆར་བ་བཞིན་དུ་བརྗིད་དོ།།


གང་གི་མཛད་འཕྲིན་འཆར་ཁའི་ཉིན་བྱེད་དབང་པོ།།

ཐུབ་བསྟན་དྲི་མེད་མཚམས་སྤྲིན་དམར་པོར་འགྲོགས་ཏེ།།

རྒྱ་མཚོའི་གོས་ཅན་ཁྱོན་ལ་ཡོངས་སུ་ཁྱབ་སྟེ།།

སྐྱེ་རྒུའི་བདེ་སྐྱིད་བརྟས་པའི་གསོས་སུ་གྱུར་ཏོ།།

༢༠༢༢/༡༢/༡༨  

Popular Posts