<<མཛད་པ་བཅུ་གཉིས་ལ་བསྟོད་པ་སྐྱེས་བུ་དགྱེས་པའི་མཆོད་སྤྲིན>>


༡༽

དགའ་བདེ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་

ཐེག་ཆེན་ཆོས་ལ་ལོངས་སྤྱོད་པའི།།

ཞིང་མཆོག་དགའ་ལྡན་ཡུལ་དུ་བཞུགས་ཏེ་

ལྷ་ཡི་རྒྱལ་པོའི་མཚན་ལྡན་ཡང་།།

འདོད་པའི་ཁམས་ཀྱི་གདུལ་བྱ་སྨིན་ཕྱིར་

རིགས་རུས་སོགས་ལ་ཁྱད་གཟིགས་ཏེ།།

བྱང་སེམས་ལྷ་དང་ལྷ་མོའི་འཁོར་བཅས་

དགའ་ལྡན་གནས་ནས་ཡོངས་སུ་འཕོས།།

མཛད་ཆེན་ཁྱད་འཕཌ་དགའ་ལྡན་གནས་ནས་

འཆི་འཕོ་མཛད་ལ་ཕྱག་འཚལ་ལོ།།


༢༽

དེ་ནས་ཡབ་ནི་ཡོན་ཏན་ཀུན་ལྡན་

ཆོས་ཀྱི་རྒྱལ་པོ་ཟས་གཙང་མ།།

ཡུམ་ནི་བུད་མེད་སྐྱོན་ཀུན་བྲལ་ཞིང་

ཡོན་ཏན་སྣ་ཚོགས་ཆེས་རྒྱན་པའི།།

ལྷ་མོ་སྒྱུ་འཕྲུལ་ཆེན་མོར་གཟིགས་ནས་

གླང་ཆེན་ཕྲུ་གུ་ཐལ་མདོག་ཅན།།

མཆེ་བ་དྲུག་ལྡན་ཚུལ་དུ་བཞེས་ཏེ་

ཡུམ་གྱི་རྩིབ་ལོགས་གཡས་ནས་ཞུགས།།

མཛད་ཆེན་ཁྱད་འཕཌ་ཡུམ་གྱི་ལྷུམས་སུ་

ཞུགས་པ་མཛད་ལ་ཕྱག་འཚལ་ལོ།།


༣༽

ལྷུམས་སུ་ཞུགས་ནས་ཟླ་བ་བཅུ་རྫོགས་

བཞུགས་ཚེ་ལྷ་མི་ཁྲག་ཁྲི་ཡིས།།

ལྟམ་པའི་སྔ་ལྟས་མཚན་མ་བྱེ་བ་

ཁྲག་ཁྲི་གྲངས་མེད་ཇི་སྙེད་ཀྱིས།།

སྲིད་གསུམ་ཞིང་ཀུན་ཡོངས་སུ་གཏམས་པས་

བཀྲ་ཤིས་ལུམྦི་ནཱི་ཡི་ཚལ།།

སྨྱུ་གུ་འཁྲུངས་མ་ཐག་ཏུ་ང་ནི་

འཇིག་རྟེན་འདི་ན་མཆོག་ཅེས་སྒྲོག།

མཛད་པ་ཁྱད་འཕཌ་སྐུ་རུ་བལྟམས་པའི་

མཛད་པ་མཛད་ལ་ཕྱག་འཚལ་ལོ།།


༤༽

སེམས་དཔའ་ཆེན་པོས་ཤེས་བྱ་གནས་ཀུན་

ཇི་བཞིན་མཁྱེན་ཀྱང་གདུལ་བྱའི་སླད།།

རིག་གནས་སློབ་པའི་གྲྭ་རུ་བྱོན་ཏེ་

རིག་པའི་གནས་བཅུར་ཐོགས་མེད་སྦྱོང་།།

ཤཱ་ཀྱའི་གཞོན་ནུ་ལྔ་བརྒྱ་ལྷན་ཏུ་

སྒྱུ་རྩལ་སྣ་ཚོགས་འགྲན་པའི་ཚེ།།

གཞོན་ནུ་དྲེགས་པ་ཅན་རྣམས་ཚར་བཅད་

འགྲན་ཟླ་མེད་པ་ཀུན་ནས་གྲགས།།

མཛད་པ་ཁྱད་འཕགས་བཟོ་བོ་གནས་ལ་

མཁས་པ་མཛད་ལ་ཕྱག་འཚལ་ལོ།།


༥༽

འཇིག་རྟེན་བྱ་བ་ཡོངས་རྫོགས་སྤངས་ནས་

བྱང་ཆུབ་གོ་འཕང་རྙེད་ཟིན་ཡང་།།

འཇིག་རྟེན་སྤྱོད་དང་མཐུན་པར་བྱས་ནས་

ཁ་ནས་མ་ཐོ་སྟོན་པའི་སླད།།

ཡོན་ཏན་ཀུན་ལྡན་ས་འཚོ་གྲགས་འཛིན་

ལ་སོགས་བཙུན་མོ་ཁྲག་ཁྲི་ལྷག།

འཁོར་དུ་རོལ་ནས་ཐབས་མཁས་མཛད་དེ་

ཐམས་ཅད་བྱང་ཆུབ་གོ་འཕང་བཀོད།།

མཛད་པ་ཁྱད་འཕཌ་བཙུན་མོའི་འཁོར་དུ་

རོལ་བ་མཛད་ལ་ཕྱག་འཚལ་ལོ།།


༦༽

སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྣ་ཚོགས་

ཡོངས་སུ་གཟིགས་པ་ཚུལ་བསྟན་ཏེ།།

གྲགས་འཛིན་མ་ཡི་མངལ་དུ་སྲས་མཆོག་

དགྲ་གཅན་འཛིན་དེ་བྱིན་གྱི་རླབས།།

ནམ་ཕྱེད་ཆིབས་པ་སྔགས་ལྡན་ལ་ཆིབས་

ཤར་ཕྱོགས་ཡངས་པ་ཅན་དུ་གཤེགས།།

དབུ་སྐྲའི་གཙུག་ཕུད་རང་གིས་བཅད་དེ་

རབ་ཏུ་བྱུང་བའི་ཚུལ་དུ་མཛད།།

མཛད་པ་ཁྱད་འཕགས་ཁྱིམ་ནས་ཁྱིམ་མེད་

རབ་བྱུང་མཛད་ལ་ཕྱག་འཚལ་ལོ།།


༧༽

རབ་ཏུ་བྱུང་རྗེས་བརྩོན་པ་ཆེན་པོས་

བྱང་ཆུབ་སྒྲུབ་པའི་ཐུགས་བསྐྱེད་དེ།།

བྲམ་ཟེའི་མཁས་པ་སློབ་དཔོན་བསྟེན་ནས་

སྲིད་རྩེའི་སྙོམས་འཇུག་བར་མངོན་མཛད།།

ཆུ་ཀླུང་ནཻ་ར་ཛྙ་ནའི་འགྲམ་དུ་

ཉིན་རེ་འབྲུ་རྡོག་གསུམ་བཞེས་ནས།།

ཏིང་འཛིན་མི་གཡོ་མཉམ་པར་བཞག་ཏེ་

ལོ་དྲུག་རིང་ལ་དཀའ་བ་སྤྱད།།

མཛད་པ་ཁྱད་འཕགས་ལོ་དྲུག་དཀའ་བ་

སྤྱད་པ་མཛད་ལ་ཕྱག་འཚལ་ལོ།།


༨༽

ཞིང་པའི་བུ་མོ་ལེགས་སྐྱེས་མ་ཡི་

བ་མཆོག་སྟོང་གི་འོ་མ་དེ།།

ཕུལ་བ་བཞེས་པས་སྐུ་གཟུཌ་བཟང་པོར་

སྔར་བཞིན་འོད་ཟེར་དཔག་མེད་འཕྲོས།།

རྩྭ་འཚོང་བཀྲ་ཤིས་ཕུལ་བའི་ཀུ་ཤ་

གདན་དུ་བྱས་ནས་སྐྱིལ་ཀྲུང་བཞུགས།།

སངས་མ་རྒྱས་ཀྱི་བར་དུ་མི་ལངས་

དམ་ལ་བཅའ་ནས་མཉམ་པར་བཞུགས།།

མཛད་པ་ཁྱད་འཕགས་བྱང་ཆུབ་སྙིང་པོ་

གཤེགས་པ་མཛད་ལ་ཕྱག་འཚལ་ལོ།།


༩༽

དེ་ནས་ས་གའི་ཚེས་པ་བཅོ་ལྔའི་

སྲོད་ལ་བདུད་རྒན་འཇིགས་རུང་བས།།

རང་གི་བུ་མོ་ལ་སོགས་བཏང་ནས་

རྣམ་གཡེང་ལས་ཀྱིས་མ་ཐུབ་པས།།

བདུད་སྡེ་དཔུང་བཅས་མཚོན་སྣ་ཐོགས་སྟེ་

དྲག་པོའི་མཚོན་ཆ་འཕེན་ན་ཡང་།།

ཏིང་འཛིན་མི་གཡོ་མཐུ་ལ་བརྟེན་ནས་

མཚོན་ཆ་སྣ་ཚོགས་མེ་ཏོག་གྱུར།།

མཛད་པ་ཁྱད་འཕཊ་བདུད་སྡེ་དཔུང་བཅས་

བཏུལ་བ་མཛད་ལ་ཕྱག་འཚལ་ལོ།།


༡༠༽

ཐོ་རེངས་དུས་སུ་ཏིང་འཛིན་མཆོག་གྱུར་

བདེན་བཞི་ཕྲ་རགས་ཁྱད་གཟིགས་ཏེ།།

རྟེན་འབྲེལ་ཡན་ལག་བཅུ་གཉིས་སྒོ་ནས་

འཁོར་བའི་འཇུག་ལྡོག་ཕྲ་མོ་རྟོགས།།

རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་

མ་རིག་སྒྲིབ་ལས་ཡོངས་སངས་ཏེ།།

ཡོན་ཏན་མ་ལུས་ཚང་བ་རྒྱས་པའི་

བྱང་ཆུབ་གོ་འཕང་ཐོབ་ཚུལ་མཛད།།

མཛད་པ་ཁྱད་འཕཌ་སངས་ཤིང་རྒྱས་པའི་

མཛད་པ་མཛད་ལ་ཕྱག་འཚལ་ལོ།།


༡༡༽

དེ་ནས་བདུན་ཕྲག་བདུན་གྱི་བར་དུ་

ཆོས་མ་གསུང་པ་མཉམ་པར་བཞུགས།།

ལྷ་རྗེ་ཚངས་དང་བརྒྱ་བྱིན་ལ་སོགས་

ལྷ་རྫས་རིན་ཆེན་དག་ཕུལ་ཏེ།།

ཆོས་ཟབ་གསུང་པའི་གསོལ་བ་བཏབ་པས་

གནས་ཆེན་ཝཱ་ར་ཎ་སཱི་ཡི།།

དྲང་སྲོང་ལྷུང་བའི་རི་དྭགས་གནས་སུ་

ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར།།

མཛད་པ་ཁྱད་འཕཌ་ཆོས་ཀྱི་འཁོར་ལོ་

བསྐོར་བ་མཛད་ལ་ཕྱག་འཚལ་ལོ།།


༡༢༽

དགུང་གྲངས་བརྒྱད་ཅུ་གྱ་གཅིག་སོན་ཚེ་

ཞིང་འདིའི་གདུལ་བྱ་རྫོཌ་པ་གཟིཌ།།

སྐྱེ་བོ་ཀུན་ལ་མི་རྟག་པ་དང་

སྐྱེ་བ་སྔ་ཕྱིའི་ཚུལ་བསྟན་སླད།།

རྩྭ་མཆོག་གྲོང་གི་ས་གཞི་གཙང་མར་

འཆི་མེད་རྡོ་རྗེ་ལྟར་གཤེགས་ནས།།

མི་གནས་མྱ་ངན་འདས་ཚུལ་བསྟན་ནས་

རིང་བསྲེལ་སྐུ་གདུང་ཆ་བརྒྱད་མཛད།།

མཛད་པ་ཁྱད་འཕཌ་མི་གནས་མྱ་ངན་

འདས་པ་མཛད་ལ་ཕྱག་འཚལ་ལོ།།

Popular Posts