བློ་བཟང་རྒྱལ་བའི་ལྟ་སྤྱོད་གཙང་མའི་སྲོལ་བཟང་།།
མི་ཉམས་རྒྱུན་བཟང་ཕྱོགས་དུས་ཀུན་ཏུ་སྤེལ་མཁས།།
མཁྱེན་བརྩེ་དྲི་མེད་མ་ལུས་ཡོངས་རྫོགས་མངའ་བའི།།
རབ་བརྟན་དྲིན་ཅན་བླ་མའི་ཞབས་ལ་འདུད་དོ།།
མགོ་ནག་མྱི་ཚོའི་ཞལ་རྒྱུན་དམ་པའི་ཁྲོད་དུ།།
སྤྲུལ་སྐུ་ཤ་མོ་འཁྲུང་འཁྲུང་བཞིན་དུ་འབེལ་ཡང་།།
སྨྱོན་པ་ར་ཁྱི་རྒྱུགས་རྒྱུགས་ལྟ་བུའི་དུས་འདིར།།
ཁྱེད་ནི་འདམ་ལས་སྐྱེས་པའི་པད་མ་རྐང་གཅིག།
པད་མ་འདམ་ལས་སྐྱེས་ཀྱང་མ་གོས་བཞིན་དུ།།
སྐུ་ཉིད་སྲིད་འདིར་འཁྲུངས་ཀྱང་འཆིང་བ་མ་ནུས།།
མཛད་པ་ས་ལེ་སྦྲམ་དེ་མི་མངོན་བྱས་ཀྱང་།།
འཕྲིན་ལས་འོད་ཀྱིས་མུན་ནག་ཡོངས་སུ་གསལ་ལོ།།
ཕྱི་ཡི་དངོས་པོ་ཆེས་ཆེར་འཕེལ་བའི་སྐབས་འདིར།།
རྩ་ཆེན་མན་ངག་གནང་མཁན་ཅུང་ཟད་མང་ཡང་།།
བསླབ་གསུམ་ནོར་གྱིས་ཕྱུག་པའི་འདུས་ཚོགས་དཀྱིལ་དུ།།
ཉིད་ཀྱི་གདམས་ངག་མནོས་པ་ལྷག་པར་དྲན་བྱུང་།།
འབྱོར་དང་གོ་སར་རྔམ་པའི་ཁྲམ་པ་འགའ་ཡིས།།
གཡོ་སྒྱུ་དུག་གིས་བསྐྲུན་པའི་བྱ་སྤྱོད་འོག་ཏུ།།
ཚུད་ནས་བགྲོད་དཀའི་ནམ་ཟླ་ཐུང་ངུ་དུས་དེར།།
ཁྱེད་ལ་དད་པའི་ས་བོན་སྔ་ལས་ཟབ་བྱུང་།།
ཡིད་བརྟན་མེད་པའི་སྲིད་པའི་ཕུན་ཚོགས་ཁྲོད་དུ།།
འདོར་ཐབས་དབེན་པའི་ལས་ཀྱི་སྐལ་བས་མནར་ཚེ།།
ཁྱེད་ཉིད་དྲུང་དུ་འགྲོ་འདོད་ཤིན་ཏུ་ཆེ་ཡང་།།
གདོས་བཅས་ཟག་ཕུང་མ་འདོར་འགྲོ་ཐབས་མི་འདུག།
རྟ་བདུན་བདག་པོའི་ཞལ་རས་དཀར་གསལ་འཛུམ་མདངས།།
ཁ་སང་ནུབ་ཀྱང་དེ་རིང་སླར་ཡང་འཆར་བྱུང་།།
བདག་གི་རྩ་བའི་བླ་མའི་བྱམས་བརྩེའི་འཛུམ་མདངས།།
སླར་ཡང་མཇལ་བའི་རེ་སྒུག་འོག་ཏུ་སྡོད་ཡོད།།
ཉིད་ཀྱི་བླ་ན་མཐོ་བའི་དགེ་མཚན་མཛད་རྗེས།།
རི་རྒྱལ་ཇོ་མོ་གླང་མོའི་སྤོ་དེར་བརྒལ་ཏེ།།
ལྷོ་གླིང་གསེར་ལྡན་སྒེག་མའི་ལྟོ་བར་སྦྲུམ་པས།།
བྱིན་རླབས་མེ་ཏོག་ཕྱོགས་བཅུ་གང་སར་བཞད་དོ།།
བསྐལ་ལྡན་གདུལ་བྱ་བགྲང་ཡས་རྒྱ་མཚོའི་དཀྱིལ་དུ།།
ཉམ་ཆུང་བདག་ནི་ནུས་མེད་དབུལ་པོ་ཡིན་ཡང་།།
ཉིད་ལ་དད་པའི་ཡིད་ཆེས་ལྡོག་ཏུ་མེད་པས།།
ཁྱེད་ཉིད་དྲན་པའི་གདུང་བས་སླར་ཡང་མནར་བྱུང་།།
འདི་ནས་བྱང་ཆུབ་གོ་འཕང་མ་ཐོབ་བར་དུ།།
འཇམ་གཉེན་ཕྱག་གིས་མ་ལྷོད་དྲིན་ཅན་བླ་མ།།
ཐུགས་བརྒྱུད་བྱམས་བརྩེས་མ་གཏོང་བཤེས་གཉེན་དམ་པ།།
འབྲལ་མེད་རྗེས་སུ་འབྲང་བའི་བྱིན་རླབས་སྩོལ་མཛོད།།
སྤྱི་ལོ་ ༢༠༢༣/༣/༣༡ དགོངས་རྫོགས་ཉིན་མི་ཕྱེད་དད་པའི་སྒོ་ནས་སྤེལ།
