ཇི་སྲིད་ཐུབ་མཆོག བྱམས་པའི་སྐུ་གཟུགས། བདེ་ཆེན་ལྷུན་གྲུབ།
༄༅། །ཇི་སྲིད་ཐུབ་མཆོག་གོ་འཕང་དམ་པ་དེ། །བདག་གིས་མངོན་དུ་མ་བྱས་དེ་སྲིད་དུ། །རྣམ་དག་ལམ་བཟང་སྒྲུབ་པའི་རྟེན་རྙེད་ཅིང་། །རབ་ཏུ་བྱུང་ཞིང་ཚེ་རབས་དྲན་པར་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །མཐའ་ཡས་ཡོན་ཏན་དུ་མའི་མཛོད་འཛིན་ཅིང་། །མཁྱེན་བརྩེ་ནུས་པ་ཟླ་དང་བྲལ་ཐོབ་ནས། །བྱང་ཆུབ་སྤྱོད་པ་མྱུར་དུ་མཐར་ཕྱིན་ཤོག །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། ། ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །སེམས་ཅན་ཡལ་བར་དོར་ནས་རང་དོན་ལ། །རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང་། །གཞན་དོན་སྒྲུབ་པའི་ཚུལ་ལ་མ་རྨོངས་པའི། །ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག །བདག་གི་མིང་ཙམ་བརྗོད་དང་དྲན་པས་ཀྱང་། །སྡིག་པའི་ལས་ཀྱི་འབྲས་བུས་མནར་བ་ཀུན། །ཕུན་ཚོགས་བདེ་བའི་དཔལ་རབ་འབྱོར་གྱུར་ནས། །ཐེག་མཆོག་བགྲོད་པའི་ཐེམ་སྐས་འཛེག་གྱུར་ཅིག །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཕྱོགས་ཙམ་ཞིག །མཚོན་པར་བྱས་པས་རྒྱས་སྲས་སྤྱོད་པའི་གེགས། །མ་ལུས་ཞི་ཞིང་མཐུན་པའི་ཚོགས་ཆས་ཀུན། །ཡིད་ལ་བསམ་པ་ཙམ་གྱིས་འགྲུབ་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག། །།ཅེས་པ་འདི་ནི་རྗེ་ཉིད་ཀྱིས་མཛད་པའི་བདེ་བ་ཅན་གྱི་ཞིང་བཀོད་དང་དེར་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ལས་དགོས་དབང་གིས་ཟུར་དུ་ཕྱུང་བ་ཞིག་གོ། །།
བྱམས་པའི་སྐུ་གཟུགས།
༄༅། །བྱམས་པའི་སྐུ་གཟུགས་ཕུལ་བྱུང་བཞེངས་པ་ལ། །མཐུན་རྐྱེན་སྒྲུབ་པར་བྱེད་པའི་ལུས་ཅན་རྣམས། །རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ། །ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག །ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨོ་ཁ་ཕྱེ་ནས། །སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག །དེ་ཚེ་རྒྱལ་བ་བྱམས་པ་རབ་ཏུ་དགྱེས། །ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས། །འགྲོ་ཀུན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །བྱང་ཆུབ་སྒྲུབ་པའི་ཚེ་རབས་ཀུན་ཏུ་ཡང་། །དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །རླབས་ཆེན་སྤྱོད་པ་ཇི་སྙེད་མཆིས་པ་ཀུན། །གཅིག་ཏུ་བསྡུས་ནས་ཚུལ་བཞིན་འདོམས་པར་ཤོག ། ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས། །རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་། །བསླབ་གསུམ་ནོར་བུའི་ཏོག་གིས་རབ་མཚན་པའི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུ་ཐམས་ཅད་སྐུ་ཁམས་བཟང་། །ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །རྟག་ཏུ་བྱམས་པ་རྣམ་གསུམ་གོམས་པའི་མཐུས། །བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང་། །འགྲོ་ཀུན་བྱམས་པའི་སྟོབས་ཀྱིས་སྐྱོང་མཛད་པའི། །རྒྱལ་བ་བྱམས་པ་མགོན་པོའི་བཀྲ་ཤིས་ཤོག །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །གནས་ངན་ལེན་པ་རྟག་ཏུ་སྤངས་བྱས་ནས། །རྒྱལ་བ་བྱམས་པའི་དྲུང་དུ་སྐྱེ་བར་ཤོག །ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའོ།། །།
བདེ་ཆེན་ལྷུན་གྲུབ།
༄༅། །བདེ་ཆེན་ལྷུན་གྲུབ་ཆོས་སྐུའི་ནམ་མཁའ་ལས། །བྱམས་བརྩེའི་སྤྲིན་གྱིས་འཇིག་རྟེན་ཁྱབ་མཛད་ཅིང་། །རྒྱུན་མི་ཆད་དུ་མཛད་པའི་ཆར་འབེབས་པ། །མི་ཕམ་རྒྱལ་བའི་དབང་པོར་གུས་ཕྱག་འཚལ། །གྲངས་མེད་གདུལ་བྱའི་ཁམས་དང་བསམ་པ་ཀུན། །ཇི་བཞིན་གཟིགས་པའི་ཡེ་ཤེས་རྣམ་རོལ་ལས། །དད་པའི་དབང་གིས་ཆུ་ནང་ཟླ་གཟུགས་བཞིན། །གནས་འདིར་ཐོགས་པ་མེད་པར་གཤེགས་སུ་གསོལ། །རབ་མཛེས་གསེར་ཞུན་བརྩེགས་པའི་ལྷུན་པོ་ལ། །རྣམ་མང་རིན་ཆེན་ཚོགས་ཀྱི་ཕྲ་བཀོད་ལྟར། །ལྟ་བས་མི་ངོམས་སྐུ་གཟུགས་མཆོག་འདི་དག །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །ཡིད་འོང་བྱམས་པའི་སྐུ་གཟུགས་བཞེངས་པ་ལ། །མཐུན་རྐྱེན་སྒྲུབ་པར་བྱེད་པའི་སྐྱེ་བོ་ཀུན། །མགོན་ཁྱོད་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །དགའ་ལྡན་གནས་སུ་ངེས་པར་དྲང་དུ་གསོལ། །ཁྱོད་ཞལ་མིག་གི་བདུད་རྩིར་མི་འབྲལ་ཞིང་། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང་། །རྒྱལ་སྲས་སྤྱོད་པའི་གནས་ཀུན་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་བསམས་པའི་དོན་ཀུན་གྲུབ། །མཐའ་དག་འགྲོ་འདི་བྱམས་པའི་སེམས་དང་ལྡན། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང་། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དང་། །མི་ཕམ་རྒྱལ་བའི་དབང་པོའི་བྱིན་རླབས་དང་། །མཐུ་ལྡན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག། །།ཅེས་མཆོག་ཏུ་གྲུབ་པའི་བདེན་ཚིག་སྨོན་ལམ་འདི་བི་ཤྭ་ཀརྨའི་རྣམ་འཕྲུལ་དཔོན་མོ་ཆེ་ཉི་མ་དཔལ་གྱིས་བསྐུལ་བའི་ངོར་ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའོ།། །།