པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ཁོང་ནི་གཙང་སྟོད་ལྷན་དྲུག་བརྒྱ་བའི་སྤེའུ་ཞེས་པར་ཡབ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་དང་ཡུམ་མཚོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ལྕགས་རྟ་ཕྱི་ལོ་༡༥༧༠ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་༡༦༦༢ལོར་དགོངས་པ་གཞན་དོན་དུ་གཤེགས། 

མཛད་རྣམ་མདོར་བསྡུས་ནི། དགུང་ལོ་ལྔ་ལ་ཕེབས་སྐབས་དབེན་ས་པ་བློ་བཟང་དོན་གྲུབ་ཀྱི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབེན་ས་པའི་སྤྲུལ་སྐུར་ངོས་འཛིན་ཞུས་ཏེ་མཚན་ལ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞིའི་ཐོག་དབེན་དགོན་གྱི་ཁྲིར་འཁོད། རབ་བྱུང་བཅུ་པའི་ལྕགས་གླང་ཕྱི་ལོ་༡༦༠༡ལོར་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད་ཅིང་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། ས་བྱ་ཕྱི་ལོ་༡༦༠༩ལོར་བཀྲས་ལྷུན་རྒྱུད་པ་གྲྭ་ཚང་བཙུགས། ཆུ་གླང་ཕྱི་ལོ་༡༦༡༣ལོ་ནས་ལོ་དྲུག་གི་རིང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཤིང༌། སེ་འབྲས་དགེ་གསུམ་གྱི་སློབ་གཉེར་ཐོན་པའི་དགེ་བཤེས་ཆུ་ཚད་མཐོ་ཤོས་རྣམས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་འཇོག་རྒྱུ་དང༌། ཨང་རིམ་བྱ་དགའ་གནང་རྒྱུ་སོགས་དགེ་བཤེས་ལྷ་རམས་པའི་སྲོལ་གཏོད་ཐོག་མར་མཛད་པས། གཞུང་ཆེན་ལྔའི་སློབ་གཉེར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཆེན་པོ་ཐེབས། ཤིང་སྟག་ཕྱི་ལོ་༡༦༡༤ལོར་འབྲས་སྤུངས་སུ་ཕེབས་ནས་ྋརྒྱལ་དབང་ཡོན་ཏན་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་པར་མཛད། མེ་སྦྲུལ་ཕྱི་ལོ་༡༦༡༧ལོ་ནས་བཟུང་སེ་འབྲས་གཉིས་ཀྱི་མཁན་པོ་ལོ་ལྔ་རེ་མཛད། རབ་བྱུང་བཅུ་པའི་ཆུ་ཁྱི་ཕྱི་ལོ་༡༦༢༢ལོར་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངོས་འཛིན་མཚན་གསོལ་མཛད་དེ་འཕྱོངས་རྒྱས་ནས་འབྲས་སྤུངས་སུ་གདན་དྲངས་ཏེ་སྐུ་གོང་མའི་ཁྲིར་བསྐོས་པའི་ཐུགས་འགན་ཆ་ཚང་བཞེས། སྔ་རྗེས་སུ་རབ་བྱུང་དང་དགེ་ཚུལ་སློང་གི་བསླབ་སྡོམ་འབུལ་བཞེས་དང་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་འབུལ་གནང་མཛད། ཆུ་རྟ་ཕྱི་ལོ་༡༦༤༢ལོ་ནས་བཟུང་ཞ་ལུ་དགོན་པའི་མཁན་པོ་ལོ་ཉི་ཤུ་མཛད། རྗེ་འདིས་ལོ་ངོ་དྲུག་ཅུ་ལྷག་ཙམ་གྱི་རིང་དབུས་དང་གཙང༌། མངའ་རིས། མདོ་སྟོད་སྨད། ལྷོ་མོན། ཁལ་ཁ། ཨོ་རོད་ཀྱི་བླ་དཔོན་ཆེ་ཁག་སོགས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། འཆད་རྩོད་རྩོམ་གསུམ་གྱི་རྒྱལ་བསྟན་ཉིན་མོ་ལྟར་དར་རྒྱས་མཛད། ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱིས་གཙུག་ཏུ་བཀུར། གསུང་རྩོམ་ལ་གསང་འདུས་རིམ་ལྔའི་ཊཱིཀྐ་དང༌། བླ་མཆོད་ཕྱག་ལེན་རྩ་འགྲེལ། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ། གཞི་ལམ་འབྲས་གསུམ་གྱི་ཕྱག་རྒྱ་ཆེན་པོའི་ངོ་བོ་ངོས་འཛིན་ལས་བརྩམས་པའི་ཤེས་རབ་བདག་འཛིན་གཉིས་ཀྱི་གཤགས་འདེབས་སོགས་པོད་ལྔ་བཞུགས། དགུང་ལོ་གོ་གསུམ་ལ་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ཕྱི་ལོ་༡༦༦༢ལོར་དགོངས་པ་གཞན་དོན་དུ་གཤེགས། སྐུ་གདུང་རིལ་པོ་བཞུགས་པའི་དངུལ་སྡོང་ཆེན་མོ་བཀྲས་ལྷུན་དགོན་པར་བཞུགས་སུ་གསོལ་ལོ།།

Popular Posts